ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཟླ་བཞི་བའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར་འགོ་འཛིན་མཛད་དེ་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བ་བསྡུས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ཀྱི་ཞན་ཆ་གནད་དོན་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་འཇུག་བྱས། ཞི་ཅིན་ཕིང་གིས་ཚོགས་ཐོག་ནས་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ནས་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ལེན་ན། ཞན་ཆའི་གནད་དོན་ལ་ངོས་འཛིན་ཡང་དག་བྱེད་པ་དང་། ཞན་ཆ་དང་མི་འདང་སར་དམིགས་ནས། གནད་ཕིགས་མཁྲེགས་གཏོར་ལག་བསྟར་བྱེད་དགོས། སྤོབས་པ་ཆེན་པོས་དཀའ་ངལ་ཐག་བཅད་དེ། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར་དམ་འཛིན་བྱེད་དགོས་ཟེར། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་བསྡོམས་རྩིས་ཅུའུ་། སྐྱེ་ཁམས་ཁོར་ཡུག་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་། ཀྲུང་དབྱང་ཞིང་ལས་གཞུང་སྒྲུབ་ཁང་དང་ཞིང་ལས་ཞིང་སྡེ་པུའུ་བཅས་ཀྱིས་ཕུལ་བའི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཞན་ཆའི་གནད་དོན་སྐོར་གྱི་སྙན་ཞུ་དང་། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ནོར་སྲིད་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་སོགས་སྡེ་ཁག་གིས་ཕུལ་བའི་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན། 

ཚོགས་ཐོག་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོ་ཏང་གིས་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་རེ་སྒུག་དེ་འབད་འཐབ་དམིགས་འབེན་དུ་བྱེད་པ་དང་། དཀའ་ངལ་ཁྱད་སེལ་དང་དཀའ་སྤྱད་མདུན་སྐྱོད་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས། བཅོས་བསྒྱུར་སྒོ་འབྱེད་བྱས་པའི་འགོ་ཐོག་ཏུ་ཏང་ཀྲུང་དབྱང་གིས་འབྱོར་འབྲིང་སྤྱི་ཚོགས་ཀྱི་འཐབ་ཇུས་བསམ་ཚུལ་བཏོན་པ་དང་། མི་རབས་འགས་རྒྱུན་མཐུད་འབད་འཐབ་བྱས་པ་བརྒྱུད་དེ། སྤྱི་ཁོག་ནས་བལྟས་ན། རང་རྒྱལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་དམིགས་འབེན་ཧ་ལམ་མངོན་འགྱུར་བྱས། མིག་སྔར། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ནས་ཀྱང་ཞན་ཆ་འགའ་ཡོད་པས། ངེས་པར་དུ་ཁ་གསབ་བྱེད་དགོས། བྱ་བའི་ཁྲོད། སྤྱི་ཁོག་གི་དམིགས་འབེན་དང་བྱེ་བྲག་གི་དམིགས་འབེན་བར་གྱི་འབྲེལ་བ་དང་། བལྟོས་མེད་ཚད་གཞི་དང་བལྟོས་བཅས་ཚད་གཞི་བར་གྱི་འབྲེལ་བ། གྲངས་ཚད་དབྱེ་ཞིབ་དང་ངེས་གཏན་བརྡར་གཅོད་བར་གྱི་འབྲེལ་བར་རྒྱུལ་ལོན་གསལ་བོ་བྱེད་དགོས། ཚད་རིག་དང་མཐུན་པའི་སྒོ་ནས་བྱ་བ་སྤེལ་བའི་གནས་བབ་ལ་གདེང་འཇོག་བྱེད་པའི་རྨང་གཞིའི་སྟེང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་གནས་པའི་འབུར་ཐོན་ཞན་ཆ་དང་ངེས་པར་དུ་ཡོངས་འགྲུབ་བྱེད་དགོས་པའི་ལས་འགན་ལ་དབྱེ་ཞིབ་ནན་མོ་བྱེད་པ་དང་། གཙོ་བོར་ལོ་ལོན་དང་ཉམས་ཆུང་། ནད་པ། དབང་བོ་སྐྱོན་ཅན། དབུལ་ཕོངས་མི་གྲངས། ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་སོགས་ཕྱོགས་ཀྱི་ཞན་ཆ་ཧ་ཅང་མངོན་གསལ་ཡིན་པས། བྱ་བ་སྤེལ་ཤུགས་ཇེ་ཆེར་གཏོང་དགོས་ཟེར། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་བྱ་བ་མཇུག་བསྡུ་བའི་བར་ད་དུང་ལོ་གཉིས་ཙམ་གྱི་དུས་ཚོད་མ་གཏོགས་མེད་པས། དགེ་མཚན་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་འབད་འཐབ་ལྷོད་མེད་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་ལས་འགན་ཁྱོན་ཡོངས་ནས་འགྲུབ་པར་བྱེད་ན། དབུལ་སྐྱོར་བྱ་བའི་གཙོ་གནད་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དུ་འཇོག་པ་དང་། སེམས་ཁྲལ་བྱེད་མི་དགོས་པ་གཉིས་ཡོངས་ཁྱབ་ཏུ་མངོན་འགྱུར་བྱེད་པའི་རྨང་གཞིའི་སྟེང་། གཙོ་བོར་འགན་སྲུང་གསུམ་ཐད་ལྷགས་པའི་ཆེས་མཐའ་མཇུག་གི་དཀའ་ངལ་ཁྱད་སེལ་བྱེད་དགོས། ས་ཁུལ་གཙོ་བོའི་ཁོར་ཡུག་བཙོག་བཟོ་ཐད་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་ན། བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་ནས། 2020ལོའི་དུས་རིམ་རང་བཞིན་གྱི་དམིགས་འབེན་མངོན་འགྱུར་བྱེད་དགོས། དམངས་ཚིས་ཁྱབ་ཁོངས་ཀྱི་བྱ་བ་མྱུར་དུ་སྤེལ་ན། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་དང་བཏུང་ཆུའི་བདེ་འཇགས། བྱིས་གཉོར་རྒན་གསོ་སོགས་ཕྱོགས་ཀྱི་དངུལ་གཏོང་ཚད་ཇེ་ཆེར་བཏང་སྟེ། མང་ཚོགས་སྐོར་ཞིག་གི་སེམས་ཁུར་བྱེད་པའི་གནད་དོན་དངོས་ཐག་གཅོད་དགོས། སྤྱི་ཚོགས་འགན་སྲུང་གི་མས་སྐྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་ན། མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། འགན་སྲུང་བྱེད་དགོས་པར་འགན་སྲུང་བྱས་ནས། གཞི་རྩའི་འཚོ་བའི་ཚད་མཐའ་སྲུང་བར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གཙོ་གཞི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་དམིགས་འབེན་ལ་དམིགས་པ་དང་བདེན་འཛིན་དངོས་གཉེར་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་འབད་འཐབ་ལྷོད་མེད་བྱེད་དགོས། ས་ཆ་སོ་སོའི་འཕེལ་རྒྱས་ཆུ་ཚད་མི་འདྲ་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་བྱ་བའི་མཇུག་བསྡུ་དུས་རིམ་གྱི་བྱ་བ་ཐད་ནས་ཀྱང་ལྕི་ཡང་ཡོད་པས། ང་ཚོས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་ཀྱི་ཆེས་མཐའ་མཇུག་གི་བྱ་བ་བཟང་བོར་བསྒྲུབ་པ་མ་ཟད། བབ་བསྟུན་མདུན་སྐྱོད་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁབ་ཀྱི་འཐབ་ལམ་གསར་བ་འགོ་བརྩམས་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་སྦྲེལ་མཐུད་བྱེད་དགོས་ཟེར། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་བྱེད་རྒྱུ་ནི་ལག་བསྟར་བྱེད་པའི་སྔོན་འགྲོ་ཡིན་པས། དགོངས་དོན་ལ་རྒྱུས་ལོན་གཏིང་ཟབ་བྱེད་དགོས། ལས་འགན་བགོ་བཤའ་དང་སྙན་ཞུ་མཐུན་སྦྱོར། ཞིབ་བཤེར་སྐུལ་སློང་སོགས་འབྲེལ་ཡོད་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གྲོས་ཚོགས་ཀྱི་དགོངས་དོན་དང་རང་སྟེང་གི་འགན་འཁྲི་གཞིར་བཟུང་ནས་དུས་ལྟར་རང་འགུལ་གྱི་བྱ་བ་སྤེལ་བ་དང་། ཏང་ཀྲུང་དབྱང་གི་དགོངས་པ་དེ་རང་ས་ཁུལ་དང་རང་ཁྱབ་ཁོངས་ཀྱི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། ཏང་ཀྲུང་དབྱང་གི་རེ་བ་བྱེ་བྲག་ཅན་དུ་བསྒྱུར་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་མེད་པར་བཟོ་བ་དང་། འབོད་ཚིག་སྒྲོག་པ་ལས་ལག་བསྟར་མི་བྱེད་པའི་གནས་ཚུལ་འབྱུང་བར་བཀག་འགོག་བྱེད་དགོས་ཟེར། 

ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་གྲོས་ཚོགས་ལ་ཟུར་ཞུགས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།