ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ལྔ་བཞིའི་ལས་འགུལ་གྱི་ལོ་རྒྱུས་དོན་སྙིང་དང་དུས་རབས་རིན་ཐང་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་བཞི་བ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ལྔ་བཞིའི་ལས་འགུལ་གྱི་ལོ་རྒྱུས་དོན་སྙིང་དང་དུས་རབས་རིན་ཐང་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་བཅུ་བཞི་བ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་བསྟན་དོན། ལྔ་བཞིའི་ལས་འགུལ་ནི་རང་རྒྱལ་གྱི་ཉེ་བའི་དུས་རབས་ལོ་རྒྱུས་སྟེང་དུ་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་དོན་དག་གལ་ཆེན་ཞིག་ཡིན་པ་དང་ལྔ་བཞིའི་སྙིང་སྟོབས་ནི་ལྔ་བཞིའི་ལས་འགུལ་གསར་སྐྲུན་བྱེད་པའི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། དེ་རིང་ང་ཚོས་ལྔ་བཞིའི་ལས་འགུལ་ལ་རྗེས་དྲན་བྱེད་པ་དང་ལྔ་བཞིའི་སྙིང་སྟོབས་དར་སྤེལ་བྱེད་སྐབས། ངེས་པར་དུ་ལྔ་བཞིའི་ལས་འགུལ་དང་ལྔ་བཞིའི་སྙིང་སྟོབས་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་དགོས་པ་དང་། རྒྱ་ཆེའི་ན་གཞོན་རྣམས་ལ་སྣེ་ཁྲིད་བྱས་ཏེ་ལྔ་བཞིའི་སྙིང་སྟོབས་ཀྱི་སྐུལ་ལྕག་འོག འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་རྒྱལ་ཁབ་ལེན་པར་བརྩོན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཀྲུང་དབྱང་གུང་གཞོན་ཚོགས་པའི་སློབ་གྲྭའི་གདན་ཞུའི་དགེ་རྒན་ཆེན་མོ། ཀྲུང་གོ་ན་གཞོན་ལོ་ཆུང་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ལིས་ཡུས་ཆི་ཡིས་གནད་དོན་དེའི་ཐད་ནས་འཆད་ཁྲིད་བྱས་པར་མ་ཟད་བསམ་འཆར་དང་བསམ་ཚུལ་བཏོན།

ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ད་ལོ་ནི་ལྔ་བཞིའི་ལས་འགུལ་ལ་ལོ་འཁོར་བརྒྱ་ལོན་པའི་ལོ་ཡིན། ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་གི་སློབ་སྦྱོང་བཀོད་སྒྲིག་བྱས་པའི་དམིགས་ཡུལ་ནི་ལོ་བརྒྱའི་སྔོན་གྱི་ལོ་ཟླ་ལ་ཕྱིར་དྲན་བྱས་ཏེ། ལྔ་བཞིའི་ལས་འགུལ་གྱི་ལོ་རྒྱུས་དོན་སྙིང་དང་དུས་རབས་རིན་ཐང་གི་ངོས་འཛིན་ཇེ་ཟབ་ཏུ་གཏོང་རྒྱུ་དེ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ལྔ་བཞིའི་སྙིང་སྟོབས་ཀྱི་དུས་རབས་རིན་ཐང་ལ་ཞིབ་འཇུག་བྱེད་པར་ཤུགས་བསྣན་ཏེ། དུས་རབས་གསར་བར་ལྔ་བཞིའི་སྙིང་སྟོབས་དར་སྤེལ་བྱེད་པའི་དོན་སྙིང་དང་རེ་བ་མངོན་པར་བྱེད་དགོས། ལྔ་བཞིའི་ལས་འགུལ་ཚུན་གྱི་ལོ་བརྒྱའི་ལོ་རྒྱུས་དང་ཟུང་འབྲེལ་བྱས་ཏེ། ལྔ་བཞིའི་ལས་འགུལ་ལས་བཏོན་པའི་རྒྱལ་གཅེས་དང་ཡར་ཐོན། དམངས་གཙོ། ཚན་རིག་བསམ་བློའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་དོན་སྙིང་གལ་ཆེན་ལ་ཞིབ་འཇུག་ཟབ་མོ་བྱེད་དགོས་ལ། ལྔ་བཞིའི་སྙིང་སྟོབས་ལ་ཞིབ་འཇུག་བྱེད་པ་དེ་མི་རིགས་སྙིང་སྙིབས་དང་དུས་རབས་སྙིང་སྟོབས་ལ་ཞིབ་འཇུག་བྱེད་པ་དང་གཅིག་གྱུར་བྱེད་པ་དང་། ཏང་གིས་མི་དམངས་ལ་འགོ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་ཁྲོད་དུ་གསར་སྐྲུན་བྱས་པའི་གསར་བརྗེ་རིག་གནས་སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་ལ་ཞིབ་འཇུག་བྱེད་པ་དང་གཅིག་གྱུར་བྱས་ནས། མི་དམངས་ལ་སྐུལ་ལྕག་བྱས་ཏེ་སྤོབས་པ་ཆེར་བསྐྱེད་སྒོས་མདུན་སྐྱོད་བྱེད་པའི་བསམ་བློའི་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།