ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་དང་ཨན་པའེ་ཅིན་སན་གྱིས་ཕྱིན་ཆད་ཀྱི་ཟླ་ངོ་གསུམ་ནང་གྲོས་མོལ་ཐེངས་གསུམ་བྱེད་པའི་རེ་བ་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་དང་ཨ་མེ་རི་ཁའི་སྲིད་གཞུང་གིས་ཚེས་བཅུ་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་གདན་ཞུ་ཐོབ་པ་ལྟར་ཟླ་ལྔ་བའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་འཇར་པན་དུ་འཚམས་འདྲི་བྱེད་རྒྱུ་རེད་ཟེར།

ཨ་མེ་རི་ཁ་དང་འཇར་པན་གྱི་མགོ་ཁྲིད་རིམ་པས་ཉེ་སྔོན་གྲོས་མོལ་མང་དུ་བྱེད་རྒྱུ་རེད། ཐི་ལིང་ཕུའུ་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཕྱིན་ཆད་ཀྱི་ཟླ་ངོ་གསུམ་ནང་གྲོས་མོལ་ཐེངས་གསུམ་བྱེད་པའི་རེ་བ་ཡོད། ཨ་མེ་རི་ཁ་དང་འཇར་པན་གྱི་བདེ་འཇགས་གྲོས་མོལ་ཚེས་བཅུ་དགུའི་ཉིན་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཐོན་ནས་སྤེལ།

ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སིང་ཏི་སི་ཡིས་ཚེས་བཅོ་བརྒྱད་ཉིན་གསལ་སྒྲོག་སྤེལ་ཏེ། ཐི་ལིང་ཕུའུ་དང་ལྕམ་མོ་མེ་ལཱ་ནེ་ཡཱ་གཉིས་ནི་འཇར་པན་གྱི་གནམ་བསྐོས་གོང་མ་གསར་བ་ཁྲིར་བཀོད་རྗེས་འཇར་པན་གྱིས་སྣེ་ལེན་བྱས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་ཐོག་མ་ཡིན་སྲིད་པ་ནན་བཤད་བྱས།

འཇར་པན་གྱི་གོང་མའི་སྲས་པོ་ཏི་རིན་ཟླ་ལྔ་བའི་ཚེས་གཅིག་ཉིན་གནམ་བསྐོས་གོང་མ་གསར་བར་འགྱུར་སྲིད་པ་དང་། ལིན་ཧི་ཞེས་པའི་ཁྲི་ལོ་གསར་བ་བེད་སྤྱོད་བྱེད་རྒྱུ་རེད།

སིང་ཏི་སི་ཡིས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་འཇར་པན་དུ་འཚམས་འདྲི་བྱེད་སྐབས། ཨན་པའེ་ཅིན་སན་དང་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཨན་པའེ་ཅིན་སན་གྱིས་ཟླ་འདིའི་ཚེས་ཉེར་དྲུག་ཉིན་ནས་ཚེས་ཉེར་བདུན་ཉིན་བར་ཝ་ཧྲིན་ཐོན་དུ་འཚམས་འདྲི་བྱེད་རྒྱུ་རེད། ཐི་ལིང་ཕུའུ་དང་ཨན་པའེ་ཅིན་སན་གྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་ལ་སྐུལ་འདེད་གཏོང་བ་སོགས་གྲོས་གཞིར་གྲོས་བསྡུར་བྱེད་པའི་རེ་བ་ཡོད་ཟེར།

འཇར་པན་གྱི་ནེ་ཀིའི་མགྲིན་ཚབ་དཔོན་པོ་ཅན་དབྱེ་ཝེ་ཡིས་ཚེས་བཅུ་དགུའི་ཉིན་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དུའང་གནས་ཚུལ་དེ་ཁྱབ་སྒྲོག་བྱས། ཁོས་བཤད་རྒྱུར། ཐི་ལིང་ཕུའུ་བཟའ་ཟླ་གཉིས་འཇར་པན་ལིན་ཕི་ལོ་རབས་སུ་ཞུགས་རྗེས་སུ་སྣེ་ལེན་བྱས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་ཐོག་མ་ཡིན་ཡང་། འཇར་པན་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བས་གཡོ་འགུལ་གཏོང་ཐབས་མེད་པའི་ཛ་དྲག་གི་འབྲེལ་བ་མངོན་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།