ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཙི་པེ་ཁི་སི་ཐན་དང་ཧན་གོས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡོ་ཡེ་ཧྥུའུ་ཡིས་ཚེས་བཅུ་དགུའི་ཉིན་ཐཱ་ཧྲི་ཀན་ནས་འཚམས་འདྲིར་ཡོང་བའི་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་དང་གྲོས་མོལ་བྱས། གྲོས་མོལ་མཇུག་སྒྲིལ་རྗེས། ཕྱོགས་གཉིས་ཀྱིས་དཔལ་འབྱོར་དང་ཚན་རྩལ། སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གྲོས་མཐུན་བཀོད་པར་མ་ཟད། མཉམ་འབྲེལ་གསལ་སྒྲོག་སྤེལ་ནས། སྔར་ལས་ལྷག་པའི་སྒོ་ནས་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བར་ཡིད་འཐད་བྱུང་།

ཝུན་ཙེ་ཡུན་གྱིས་ཚེས་བཅོ་བརྒྱད་ཉིན་ནས་བཟུང་ཝུའུ་ཙི་པེ་ཁི་སི་ཐན་ལ་དུས་ཡུན་ཉིན་བཞིའི་རྒྱལ་དོན་འཚམས་འདྲི་བྱེད་མགོ་བརྩམས། ཝུན་ཙེ་ཡུན་གྱིས་གྲོས་མོལ་བྱེད་སྐབས་བསྟན་དོན། ཝུའུ་ཙི་པེ་ཁི་སི་ཐན་དེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་བསླེབ་ཡོད་ཅིང་། ཧན་གོ་ཡིས་ཝུའུ་ཙི་པེ་ཁི་སི་ཐན་དེ་བྱང་ཕྱོགས་སྲིད་ཇུས་གསར་བའི་ཁྲོད་གོ་གནས་གལ་ཆེན་ལྡན་པའི་མཉམ་ལས་གྲོགས་པོར་བརྩིས་ཏེ ཧན་གོ་དང་ཨེ་ཤ་ཡཱ་དབུས་མ་ས་ཁུལ་བར་གྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་ལ་ཤུགས་སྣོན་བྱེད་བཞིན་ཡོད་ཟེར།

མུས་ཨར་ཅི་ཡོ་ཡེ་ཧྥུའུ་ཡིས་བཤད་རྒྱུར། ཝུའུ་ཙི་པེ་ཁི་སི་ཐན་དང་ཧན་གོའི་ཆབ་སྲིད་དང་དཔལ་འབྱོར། ཉོ་ཚོང་། དངུལ་གཏོང་། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དག་གི་ཡུན་རིང་གི་ཁེ་ཕན་ལ་འཚམ་ཟེར། རྒྱལ་ཁབ་གཉིས་ཀྱིས་ཉིན་དེར་བཀོད་པའི་མཉམ་འབྲེལ་གསལ་སྒྲོག་ལས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་རིམ་གསར་བ་ཞིག་ཏུ་བསླེབ་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཝུན་ཙེ་ཡུན་ད་རུང་ཧན་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པ་ཞུགས་པའི་ཧན་གོ་དང་ཝུའུ་ཙེ་པེ་ཁི་སི་ཐན་གྱི་ཚོང་དོན་གླེང་སྟེགས་ལ་ཞུགས་ཏེ། ཕྱོགས་གཉིས་ཀྱི་རང་བྱུང་སོལ་རླངས་དང་རྫས་འགྱུར་བཟོ་ལས། སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་།

ཝུའུ་ཙི་པེ་ཁི་སི་ཐན་ནི་ཝུན་ཙེ་ཡུན་གྱི་ཐེངས་འདིའི་ཨེ་ཤ་ཡཱ་དབུས་མའི་འགྲུལ་བཞུད་ཀྱི་ས་ཚིགས་གཉིས་པ་ཡིན་པ་དང་། དེའི་སྔོན་ལ་ཁོས་ཐུའུ་ཁུའུ་མན་སི་ཐན་ལ་འཚམས་འདྲི་བྱས་པ་དང་། ཁོས་ད་རུང་ཧཱ་སག་སི་ཐན་ལ་འཚམས་འདྲི་བྱེད་རྒྱུ་རེད། དེ་ནི་ཝུན་ཙེ་ཡུན་གྱིས་ལས་འགན་ཁུར་རྗེས་ཐོག་དང་པོར་ཨེ་ཤ་ཡཱ་དབུས་མ་ས་ཁུལ་དུ་འཚམས་འདྲི་བྱས་པ་ཡིན་ལ། ཧན་གོའི་བྱང་ཕྱོགས་སྲིད་ཇུས་གསར་བ་རྒྱ་བསྐྱེད་པ་དང་། ཧན་གོ་དང་ཨེ་ཤ་ཡཱ་དབུས་མ་ས་ཁུལ་གྱི་རྒྱལ་ཁབ་བར་གྱི་དཔལ་འབྱོར་དང་ཕྱི་ཕྱོགས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཆེད་དུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།