ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་པ་དང་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་མཛིན་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཞི་བའི་ཚེས་བཅུ་དགུ་ཉིན་གྲོས་ཚོགས་བསྡུས་ནས། མིག་སྔའི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། མིག་སྔའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས་ལ། 2018ལོའི་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་དཔྱད་ཞིབ་སོགས་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་པ་དང་། དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་རེ་བ་བཏོན་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་སྒྲོག་བྱ་བའི་སྲོལ་ཡིག་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་མཛིན་མཛད།

ཚོགས་ཐོག་ནས། ད་ལོར། རྙོག་འཛིང་དང་ཛ་དྲག་ཆེ་བའི་གནས་བབ་ལ་ཁ་གཏད་དེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་ནན་མོ་བྱས་པ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་ལེན་མཐར་ཕྱིན་བྱས་ལ། བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ལ། རྒྱུན་མཐུད་ངང་མཁྲེགས་གཏོར་ཆེན་པོ་གསུམ་གྱི་བྱ་བ་བཟང་བོར་བསྒྲུབ་པ་དང་། ནོར་སྲིད་སྲིད་ཇུས་བཟང་བོ་དང་བརྟན་བརླིང་བདེ་ཐང་གི་དངུལ་ལོར་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ལ། འོས་འཚམ་སྒོས་ཆེ་ཕྱོགས་སྲིད་ཇུས་ལ་དུས་འཁོར་ལྡོག་པའི་སྒོ་ནས་ལེགས་སྒྲིག་བྱས་པས། ཆེ་ཕྱོགས་དཔལ་འབྱོར་གཙོ་བོའི་དམིགས་ཚད་འོས་མཐུན་གྱི་བར་སྟོང་དུ་རྒྱུན་འཁྱོངས་བྱས་པ་དང་། ཚོང་རའི་ཡིད་ཆེས་མངོན་གསལ་སྒོས་ཇེ་མཐོར་སོང་ལ། སྒུལ་ནུས་གསར་རྙིང་གི་བརྗེ་སྤོར་བྱེད་ཚད་ཧ་ཅང་མགྱོགས་པ་དང་། བཅོས་བསྒྱུར་སྒོ་འབྱེད་མུ་མཐུད་དུ་ཤུགས་ཡོད་པའི་སྒོ་ནས་སྤེལ་བཞིན་ཡོད་ལ། དུས་ཚིགས་དང་པོའི་དཔལ་འབྱོར་འཁོར་རྒྱུག་སྤྱི་ཁོག་ནས་བརྟན་བརླིང་ཡིན་པ་དང་སྔོན་རྩིས་ལས་མཐོ་ལ། འགོ་བཟང་བོ་བརྩམས་ཟེར།

ཚོགས་ཐོག་ནས་བསྟན་དོན། གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པའི་ཞོར་དུ། དཔལ་འབྱོར་འཁོར་རྒྱུག་ཐད་ནས་ད་དུང་དཀའ་ཁག་དང་གནད་དོན་མི་ཉུང་བ་གནས་པ་མཐོང་དགོས་ལ། ཕྱི་ཕྱོགས་ཀྱི་དཔལ་འབྱོར་ཁོར་ཡུག་སྤྱི་ཁོག་ནས་བྲེལ་མྱུར་ཆེ་བ་དང་། རྒྱལ་ནང་གི་དཔལ་འབྱོར་ཐད་ནས་མར་འགྲིབ་པའི་གནོན་ཤུགས་ཡོད་ལ། དེའི་ཁྲོད་དུས་འཁོར་རང་བཞིན་གྱི་རྒྱུ་རྐྱེན་ལྡན་ན་ཡང་། གྲུབ་ཚུལ་རང་བཞིན་དང་སྒྲིག་གཞི་རང་བཞིན་གྱི་རྒྱུ་རྐྱེན་དེ་ལས་ཀྱང་མང་བས། ངེས་པར་དུ་གཏན་ཤུགས་རྒྱུན་འཁྱོངས་དང་ཐེག་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། དཀའ་ཁག་ཁྱད་སེལ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལོ་ཧྲིལ་བོའི་དཔལ་འབྱོར་བཟང་བོ་བསྒྲུབ་ན། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པར་དམ་དུ་དམིགས་ནས། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་དང་གཙོ་ཐིག་འབུར་ཐོན། ཚད་མཐའ་དམ་སྲུང་བྱེད་པ་དང་། ཆེ་ཕྱོགས་སྲིད་ཇུས་ཀྱི་གཏན་འཇགས་ཡིན་པ་དང་ཆུང་ཕྱོགས་སྲིད་ཇུས་ཐད་ནས་གསོན་ཤུགས་ལྡན་པ། སྤྱི་ཚོགས་སྲིད་ཇུས་རྨང་གཞི་བྱེད་པའི་སྤྱི་ཁོག་གི་བསམ་བློ་རྒྱུན་འཁྱོངས་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། གཏན་འཇགས་འཕར་སྣོན་དང་བཅོས་བསྒྱུར་ལ་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་ཚིས་ལ་ཕན་འདོགས་པ། ཉེན་ཁར་ཚོད་འགོག་དང་གཏན་འཇགས་རྒྱུན་འཁྱོངས་བྱེད་པའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཟེར།

ཚོགས་ཐོག་ནས། བཟོ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་གཏན་འཇགས་འཕར་སྣོན་གྱི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ནས། སྲོལ་རྒྱུན་ཐོན་ལས་མགྱོགས་མྱུར་སྒོས་ཚུལ་བསྒྱུར་རིམ་སྤོར་བྱེད་པར་སྣེ་ཁྲིད་བྱེད་པ་དང་། གསར་དར་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། དམངས་གཉེར་དཔལ་འབྱོར་དང་ཁེ་ལས་ཆུང་འབྲིང་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། དངུལ་རྩའི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་བསྒྱུར་མྱུར་དུ་སྤེལ་བ། དངུལ་བསྲེས་བྱེད་དཀའ་བའི་གནད་དོན་ཐག་བཅད་དེ། དགེ་མཚན་ལྡན་པའི་དམངས་གཉེར་ཁེ་ལས་ཀྱིས་ཚུལ་བསྒྱུར་རིམ་སྤོར་བྱེད་པར་སྣེ་ཁྲིད་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བརྟེན་ནས་གཏིང་ཟབ་པའི་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་། ཕྱི་རྒྱལ་གྱི་མ་དངུལ་ཚོང་རར་གཏོང་བའི་ཚད་རྒྱ་སྐྱེད་དེ། རྒྱལ་དམངས་ཐོབ་ཐང་ལག་བསྟར་བྱེད་དགོས། མི་ཚོགས་གཙོ་བོའི་ལས་ཞུགས་བྱ་བ་བཟང་བོར་བསྒྲུབ་ནས། ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། དབུལ་ཐར་མཁྲེགས་གཏོར་དུས་སྐབས་ནང་དབུལ་ཐར་བྱས་པའི་དབུལ་ཕོངས་རྫོང་དང་དབུལ་ཕོངས་སྡེ་བ། དབུལ་ཕོངས་ཁྱིམ་ཚང་ཐད་ནས། འབྲེལ་ཡོད་ཀྱི་སྲིད་ཇུས་དུས་ཚོད་ངེས་ཅན་ཞིག་ལ་རྒྱུན་འཁྱོངས་བྱས་ཏེ། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཀྱང་འགན་འཁྲི་མི་དོར་བ་དང་སྲིད་ཇུས་ད་དུང་ལག་བསྟར་བྱེད་པ། སྔར་བཞིན་རོགས་སྐྱོར་བྱེད་པ། མུ་མཐུད་ལྟ་སྐུལ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། དབུལ་ཕོངས་རྫོང་གིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་རྗེས། ཕྱོགས་གཅིག་ནས་འཕྲོར་ལྷག་གི་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བར་དམ་འཛིན་བྱེད་པ་དང་། ཕྱོགས་གཅིག་ནས་དབུལ་ཐར་མི་གྲངས་སྲ་བརྟན་མཐོར་འདེགས་བྱེད་པར་དམ་འཛིན་བྱས་ཏེ། ཕྱིར་དབུལ་ཕོངས་སུ་འགྱུར་བ་དང་དབུལ་ཕོངས་མི་གྲངས་གསར་བ་འབྱུང་བར་བཀག་འགོག་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། དྲིལ་སྒྲོག་བྱ་བ་ནི་ཏང་གི་ཧ་ཅང་གལ་ཆེ་བའི་བྱ་བ་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་ཐད་ཀྱི་རྒྱལ་ཁ་བརྩོན་ལེན་བྱེད་པའི་སྲོལ་རྒྱུན་བཟང་བོ་དང་ཆབ་སྲིད་ཀྱི་དགེ་མཚན་ཡིན། ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་པ་དང་བསྟུན་ནས། བསམ་བློ་དྲིལ་སྒྲོག་བྱ་བའི་ཐད་ནས་གནས་བབ་གསར་བ་དང་ལས་འགན་གསར་བ། རེ་བ་གསར་བར་ཐུག་ཡོད་པ་དང་། དེའི་ཐད་ནས་ཁྲིམས་སྐྱོང་གི་རྣམ་པ་བརྒྱུད་དེ་བྱ་བའི་ཚན་རིག་རང་བཞིན་དང་ལམ་ལུགས་ཅན།ཚད་ལྡན་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་སྒྲོག་བྱ་བའི་སྲོལ་ཡིག་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ཟེར།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།