ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་རྒན་གསོ་ཞབས་ཕྱིའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས་རྒན་གསོ་ཞབས་ཕྱིའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་ལས་ཕྱོགས་དྲུག་ནས་བསྡོམས་པས་བྱེ་བྲག་གི་སྲིད་ཇུས་དང་བྱེད་ཐབས་ཉེར་བརྒྱད་བཏོན་ཡོད། གཅིག དབང་གཏོང་དང་དོ་དམ། ཞབས་ཕྱིའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས་པ་དང་དེའི་ནང་དུ་གཙོ་བོ་རྒན་གསོ་ཞབས་ཕྱིའི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལམ་ལུགས་སོགས་བྱེད་ཐབས་བདུན་འདུས་ཡོད། གཉིས། རྒན་གསོ་ཞབས་ཕྱིའི་དངུལ་གཏོང་དངུལ་བསྡུའི་ཐབས་ལམ་རྒྱ་བསྐྱེད་དགོས་པ་དང་དེའི་ནང་དུ་གཙོ་བོ་རྒན་གསོ་ཞབས་ཕྱིའི་སྒྲིག་གཞིའི་དངུལ་བསྡུའི་གནད་དོན་ཐག་གཅོད་པ་སོགས་བྱེད་ཐབས་གསུམ་འདུས་ཡོད། གསུམ། རྒན་གསོ་ཞབས་ཕྱིའི་ལས་ཞུགས་གསར་སྤེལ་རྒྱ་བསྐྱེད་པ་དང་དེའི་ནང་དུ་གཙོ་བོ་རྒན་གསོ་བདག་སྐྱོང་པའི་ལས་རིགས་རྩལ་ནུས་རིམ་པ་གཏན་འཁེལ་དང་སློབ་གསོའི་གསོ་སྐྱོང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་སོགས་བྱེད་ཐབས་གསུམ་འདུས་ཡོད། བཞི། རྒན་གསོ་ཞབས་ཕྱིའི་འཛད་སྤྱོད་རྒྱ་བསྐྱེད་དགོས་པ་དང་དེའི་ནང་དུ་གཙོ་བོ་ཡུན་རིང་སྙོར་སྐྱོང་ཞབས་ཕྱིའི་ལམ་ལུགས་འཛུགས་པ་དང་ཆ་ཚང་དུ་གཏོང་བ་སོགས་བྱེད་ཐབས་བཞི་འདུས་ཡོད། ལྔ། རྒན་གསོ་ཞབས་ཕྱིའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་དེའི་ནང་དུ་གཙོ་བོ་སྨན་བཅོས་དང་སྙོར་སྐྱོང་ཟུང་འབྲེལ་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏོང་བ་སོགས་བྱེད་ཐབས་དྲུག་འདུས་ཡོད། དྲུག རྒན་གསོ་ཞབས་ཕྱིའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ་དང་དེའི་ནང་དུ་གཙོ་བོ་དཀའ་ཁག་ཅན་གྱི་བསྙེན་བཀུར་ཞབས་ཕྱིའི་རྒན་བཀུར་ཁང་གི་སྒྱུར་བཀོད་བཟོ་སྐྲུན་ལག་བསྟར་བྱེད་པ་སོགས་བྱེད་ཐབས་ལྔ་འདུས་ཡོད།

བསམ་འཆར་ལས་བསྟན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་སྲིད་པུའུ་ཡིས་སྣེ་ཁྲིད་པའི་རྒན་གསོ་ཞབས་ཕྱིའི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་འཛུགས་དགོས། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་བྱ་བའི་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་པ་དང་། རྒན་གསོ་ཞབས་ཕྱིའི་སྲིད་ཇུས་དངོས་འབེབས་བྱས་པའི་གནས་ཚུལ་དེ་སྲིད་གཞུང་གི་ལོ་ཧྲིལ་བོའི་གྲུབ་འབྲས་དཔྱད་ཞིབ་ཁྱབ་ཁོངས་སུ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།