ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་བརྒྱད་པར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190414010620UbBw.jpg

ས་དེའི་དུས་ཚོད་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཙུང་ལི་ལིས་ཁི་ཆང་ཏུའུ་པུའུ་ལོ་ཧྥུའུ་ཉི་ཁི་ནས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་བརྒྱད་པར་ཞུགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་དུས་ཚོད་ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཏུའུ་པུའུ་ལོ་ཧྥུའུ་ཉི་ཁི་ནས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་བརྒྱད་པར་ཞུགས། ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་གི་འགོ་ཁྲིད་མི་སྣ་གྲོས་མོལ་ལ་ཞུགས། ཁི་ལོ་ཏེ་ཡའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་ཡིས་འགོ་མཛིན་བྱས། ཚོགས་འདུས་ཞི་ལ་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཆ་ནས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ནང་ཞུགས་པར་དགའ་བསུ་ཞུས། ཡོ་རོབ་གླིང་མནའ་འབྲེལ་དང་ཨོ་སི་ཁྲུ་རི་ཡ། ཨུ་རུ་སི་དཀར་པོ། སུའེ་ཙེར། ཡོ་རོབ་གླིང་བསྐྱར་དར་གསར་སྤེལ་དངུལ་ཁང་བཅས་ལྟ་དཔྱད་པའི་ཆ་ནས་གྲོས་མོལ་ལ་ཞུགས།

ལིས་ཁི་ཆང་གིས་ཤིས་ཚིག་ནང་བསྟན་དོན། ཐེངས་འདིའི་གྲོས་མོལ་གྱིས་སྒོ་འབྱེད་དང་གསར་གཏོད། གྲོགས་པོའི་ཟམ་པ་འཛུགས་རྒྱུ་བརྗོད་སྙིང་དུ་བྱས་ཡོད་པས། ང་ཚོས་སྒོ་འབྱེད་སྔར་ལས་རྒྱ་སྐྱེད་པ་དང་། གསར་གཏོད་སྔར་ལས་གེགས་མེད་དུ་གཏོང་བ། གྲོགས་པོའི་འབྲེལ་བ་སྔར་ལས་སྲ་བརྟན་དུ་འགྱུར་བར་བྱེད་དགོས་ཟེར།

ལིས་ཁི་ཆང་གིས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་གྱི་གོ་རིམ་རྗེས་མའི་འཕེལ་རྒྱས་ཐད་ནས་གྲོས་གཞི་བཏོན་པ་སྟེ། གཅིག་ནས་མཉམ་དུ་ཕྱོགས་མང་ཉོ་ཚོང་སྒྲིག་གཞི་ལ་སྲུང་སྐྱོབ་བྱེད་པ་དང་། སྒོ་འབྱེད་དང་ཡོངས་ཁྱབ། བཟོད་སྒོམ། མཐོང་ཆུང་མི་བྱེད་པ་སོགས་ཀྱི་གཞི་རྩའི་རྩ་དོན་དང་ཉོ་ཚོང་རང་དབང་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། གཉིས་ནས་ཉོ་ཚོང་གཞི་ཁྱོན་སྔར་ལས་རྒྱ་སྐྱེད་དགོས། གསུམ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་སྤེལ་དགོས། བཞི་ནས་གསར་གཏོད་མཉམ་ལས་རྒྱ་སྐྱེད་དགོས། ལྔ་ནས་རྒྱུན་མཐུད་ངང་ཁེ་ལས་ཕྲན་ཆུང་དང་ཐོན་ལས་ར་བའི་ཁུལ་འཛུགས་སྐྲུན་བྱེད་པའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། དྲུག་ནས་མི་གཞུང་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ལིས་ཁི་ཆང་གིས། ཀྲུང་གོས་སང་ལོར་ཀྲུང་གོ་ནས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ཐེངས་དགུ་བ་བསྡུ་རྒྱུ་ཡིན་པ་དང་། སྐབས་དེར་རྒྱལ་ཁབ་སོ་སོའི་འགོ་ཁྲིད་མི་སྣ་ཀྲུང་གོར་ཡོང་ནས་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་གྱི་མ་འོངས་པའི་འཕེལ་རྒྱས་ཀྱི་འཆར་གཞི་གསར་བ་འགོད་པར་རེ་སྒུག་བྱས་ཡོད་ཅེས་ཁྱབ་བསྒྲགས་བྱས།

གྲོས་མོལ་ལ་ཞུགས་པའི་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣས་བསྟན་དོན། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་གྱི་རྐྱེན་སྲོལ་བཙུགས་པའི་ཚུན་ནས། ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་དང་ཀྲུང་གོའི་དངོས་གཉེར་མཉམ་ལས་ཀྱིས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་བཏང་བ་དང་། རྒྱལ་ཁབ་སོ་སོའི་དམངས་ཚིས་བདེ་སྐྱིད་ཀྱི་ཚད་ཇེ་དྲག་ཏུབཏང་བ་མ་ཟད། ཡོ་རོབ་གླིང་དང་ཀྲུང་གོའི་སྤྱི་ཁོག་གི་འབྲེལ་བ་ལ་སྐུལ་འདེད་བཏང་། ཕྱོགས་སོ་སོས་ཐེངས་འདིའི་གྲོས་མོལ་གོ་སྐབས་སུ་བརྩིས་ནས། སྟོབས་ཤུགས་ཡོད་རྒུས་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ལས་གཞི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་པ། ཉོ་ཚོང་གཞི་ཁྱོན་རྒྱུན་མ་ཆད་པར་རྒྱ་སྐྱེད་དེ། མཉམ་དུ་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་སྲུང་སྐྱོབ་བྱེད་རྒྱུའི་ཚུལ་བསྟན།

གྲོས་མོལ་རྗེས་སུ། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་བཅུ་དྲུག་གིས་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ཀྱི་ཏུའུ་པུའུ་ལོ་ཧྥུའུ་རྩ་གནད་ཞེས་པ་སྤེལ། རྒྱལ་ཁབ་སོ་སོའི་འགོ་ཁྲིད་མི་སྣས་མཉམ་དུ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གྲོས་མཐུན་བཅུ་ལྷག་འགོད་པར་བདེན་དཔང་བྱས།

དེའི་རྗེས། ལིས་ཁི་ཆང་དང་པུར་ཀ་རི་ཡའི་ཙུང་ལི་པོ་ལིས་སོ་ཧྥུའུ་དང་ཁི་ལོ་ཏེ་ཡའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་བཅས་ཀྱིས་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་གྱི་འཛམ་གླིང་ཡོངས་ཀྱི་གྲོགས་པོའི་འབྲེལ་བའི་བྱང་རྟགས་སྟེང་གི་རས་ཡོལ་བླངས་ནས། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་འཛམ་གླིང་ཡོངས་ཀྱི་གྲོགས་པོའི་འབྲེལ་བ་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།