ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་རྒྱལ་ཡོངས་ལྗང་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ལྗང་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཚེས་བཅུ་གཉིས་ཉིན་པེ་ཅིན་ནས་ཚོགས། ཚོགས་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་བསྒྱུར་འགུལ་སྐྱོད་སྤེལ་བའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པ་དང་། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་རྒྱལ་ཁོངས་ལྗང་བསྒྱུར་གྱི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་ཁོངས་ལྗང་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧན་ཀྲིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། གནས་བབ་གསར་བ་དང་ལས་འགན་གསར་བ། རེ་བ་གསར་བར་ཁ་གཏད་དེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་ཀྱི་འགན་འཁྲི་འདུ་ཤེས་དྲག་པོས་རྒྱལ་ཁོངས་ལྗང་བསྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་ནས། ཚན་རིག་དང་མཐུན་པ་དང་ལུགས་མཐུན་གྱི་རྒྱལ་ཁོངས་ལྗང་བསྒྱུར་ལས་དོན་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་གསར་བ་གྲུབ་པར་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། བྱང་གསུམ་འགོག་སྲུང་ནགས་སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་། ནུབ་རྒྱུད་ས་ཁུལ་གྱི་ནགས་འཛུགས་པར་འཚམ་པའི་ས་ཐེར་རི་ཐེར་ལ་དམིགས་ནས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ནགས་བསྐྲུན་རྩྭ་འདེབས་བྱེད་པ། ནགས་ཚལ་གྲོང་ཁྱེར་དང་ནགས་ཚལ་ཞིང་གྲོང་རྒྱུན་མཐུད་ངང་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་ཐོན་ཁུངས་ཀྱི་སྤྱི་གྲངས་ཇེ་མང་དུ་གཏོང་དགོས། ལྗང་བསྒྱུར་ས་བོན་གྱི་སྣ་མང་རང་བཞིན་དང་རང་ཡུལ་ཅན་དུ་བསྒྱུར་བར་དོ་སྣང་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ནགས་བསྐྲུན་རྩྭ་འདེབས་བྱས་ནས། སྐྱེ་ཁམས་ཐོན་ཁུངས་སྤུས་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། གཟབ་ནན་གྱི་སྲུང་སྐྱོབ་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་ནགས་ཚལ་དང་རྩྭ་ཐང་། བརླན་ས། ས་རྒོད་ཀྱི་སྲུང་སྐྱོབ་ལ་ཤུགས་སྣོན་པ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ལ་བཀག་འགོག་ནན་མོ་བྱེད་པ། ཁྲིམས་དང་འགལ་བའི་སྒོ་ནས་ཚར་ཉེན་དུ་སླེབས་པའི་རི་སྐྱེས་རི་དྭགས་རྔོན་པ་དང་སྐྱེ་དངོས་ཐོན་ཁུངས་ལ་གཏོར་བརླག་བྱེད་པའི་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་བྱེད་དགོས། རྒྱལ་ཁོངས་ལྗང་བསྒྱུར་གྱི་རྐྱེན་སྲོལ་གསར་གཏོད་བྱེད་པ་དང་། དོ་དམ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། རྒྱལ་ཁོངས་ལྗང་བསྒྱུར་ཐད་ཀྱི་དངུལ་གཏོང་ལམ་བུ་རྒྱ་སྐྱེད་དེ། དོ་སྲུང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་ཟེར།

ཧན་ཀྲིན་གྱིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགན་འཁྲི་ལག་བསྟར་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁོངས་ལྗང་བསྒྱུར་བྱ་བའི་འདེགས་སྐྱོར་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་དགོས་ཟེར།

རྒྱལ་ཁང་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་འགན་ཁུར་མི་སྣས་སྙན་ཞུ་ཕུལ་བ་དང་། སྡོད་ཁང་མཁར་གྲོང་འཛུགས་སྐྲུན་པུའུ་དང་སློབ་གསོ་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། གུང་གཞོན་ཚོགས་པ་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་། ཀྲུང་གོ་ལྕགས་ལམ་སྤྱི་ཁྱབ་ཀུང་ཟི་བཅས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་གཏམ་བཤད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།