ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོའི་ཧྥེ་གླིང་ཞིབ་འཇུག་ཁང་བཙུགས་པར་རྟེན་འབྲེལ་ཞུ་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་ཧྥེ་གླིང་ཞིབ་འཇུག་ཁང་འཛུགས་པའི་ཚོགས་ཆེན་ཚེས་དགུའི་ཉིན་པེ་ཅིན་ནས་འཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་བསྐུར་ཏེ། ཀྲུང་གོའི་ཧྥེ་གླིང་ཞིབ་འཇུག་ཁང་བཙུགས་པར་ལྷག་བསམ་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་ཡོངས་ལོ་བརྒྱ་ལ་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་དང་འཕྲད་ཡོད་ལ། ཀྲུང་གོ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེས་ཆེན་པོ་ཡིན་པ་དང་། ཧྥེ་གླིང་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཆེས་གཅིག་འདུས་ཀྱི་སྐམ་ས་ཡིན་པས། ཕྱོགས་གཉིས་ཀྱི་མི་དམངས་བར་ལ་ཡུན་རིང་གི་མཛའ་མཐུན་འབྲེལ་བ་ཡོད་པ་དང་། གནས་བབ་གསར་བའི་འོག་ཏུ་ཀྲུང་གོ་དང་ཧྥེ་གླིང་གཉིས་ཀྱིས་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། མཉམ་ལས་བརྗེ་རེས་ཇེ་དམ་དུ་གཏོང་བ། ཕན་ཚུན་ལ་དཔལ་ཡོན་དཔེ་ལྟ་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཀྱིས་ཕན་ཚུན་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པར་མ་ཟད། མ་འོངས་པ་ན་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ཀྱི་ལས་དོན་ཐད་ལའང་བྱས་རྗེས་སྔར་ལས་ཆེན་པོ་བསྐྲུན་ཐུབ་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོར་འཚོགས་པའི་ཀྲུང་གོ་དང་ཧྥེ་གླིང་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་མཐོ་རིམ་གྲོས་ཚོགས་སྟེང་དུ། ཀྲུང་གོ་དང་ཧྥེ་གླིང་ཕྱོགས་གཉིས་ཀྱིས་སྔར་ལས་དམ་ཟབ་ཡིན་པའི་ཀྲུང་གོ་དང་ཧྥེ་གླིང་གི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་རྒྱུ་གཏན་འཁེལ་བྱས་པ་དང་། ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་འགུལ་བསྐྱོད་ཆེན་པོ་བརྒྱད་ལག་བསྟར་བྱས་པ་རེད། ཀྲུང་གོའི་ཧྥེ་གླིང་ཞིབ་འཇུག་ཁང་འཛུགས་རྒྱུ་ནི་དེའི་ཁྲོད་ཀྱི་མི་གཞུང་བརྗེ་རེས་འགུལ་སྐྱོད་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན། རེ་བ་ཡིན་ན་ཀྲུང་གོའི་ཧྥེ་གླིང་ཞིབ་འཇུག་ཁང་གིས་ཀྲུང་གོ་དང་ཧྥེ་གླིང་གཉིས་ཀྱི་རིག་མཛོད་ཐོན་ཁུངས་གཅིག་བསྡུ་བྱས་ཏེ། ཕན་ཚུན་གྱི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་རྩེ་ཇེ་དམ་དུ་གཏོང་བར་སྐུལ་འདེད་གཏོང་བ། ཀྲུང་གོ་དང་ཧྥེ་གླིང་གི་འབྲེལ་བ་དང་ཕྱོགས་སོ་སོའི་བར་གྱི་མཉམ་ལས་བསམ་ཕྱོགས་རྒྱ་སྐྱེད་པ་དང་བློ་འདོན་ཇུས་འབུལ་བྱས་ཏེ། ཀྲུང་གོ་དང་ཧྥེ་གླིང་གི་འཕེལ་རྒྱས་འབྲེལ་བ་དང་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།