ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཁེ་ལས་འབྲིང་ཆུང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གཉིས་ཀྱིས་ཁེ་ལས་འབྲིང་ཆུང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་དོན་དངོས་དང་སྦྲེལ་ནས་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་པའི་རེ་བ་བཏོན།

ཁེ་ལས་འབྲིང་ཆུང་ནི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་ཤུགས་དམག་དཔོན་ཡིན་པ་དང་། ལས་ཞུགས་རྒྱ་བསྐྱེད་ཅིང་དམངས་ཚིས་ལེགས་བཅོས་བྱེད་པ་དང་ལས་སྤེལ་གསར་སྐྲུན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པས། འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག དམངས་ཚིས་ལེགས་བཅོས། ཉེན་ཁ་འགོག་སེལ་བཅས་ཀྱི་ཁྲོད་དུ་ནུས་པ་གལ་ཆེན་བཏོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ནོར་ཁྲལ་དངུལ་རྩ་དང་ཚོང་གཉེར་ཁོར་ཡུག སྤྱི་ཐུན་ཞབས་ཕྱི་སོགས་ཕྱོགས་སུ་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འཁེལ་བྱས་ནས་གྲུབ་འབྲས་མངོན་གསལ་ཐོབ། དེ་དང་མཉམ་དུ་རྒྱལ་སྤྱི་དང་རྒྱལ་ནང་གི་ཚོང་རའི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། ཁེ་ལས་འབྲིང་ཆུང་གི་མདུན་དུ་ཐོན་སྐྱེད་ཀྱི་མ་རྩ་ཇེ་མཐོར་འགྲོ་བ་དང་། དངུལ་བསྡུ་དཀའ་ཞིང་དངུལ་བསྡུའི་རིན་གོང་མཐོ་བ། གསར་སྐྲུན་འཕེལ་རྒྱས་ནུས་པ་ཞན་པ་སོགས་ཀྱི་གནད་དོན་གནས་ཡོད་པས་ངེས་པར་དུ་དེ་ལ་མཐོང་ཆེན་བྱེད་དགོས།

མཛུབ་སྟོན་བསམ་འཆར་ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། རང་རྒྱལ་སྤྱི་ཚོགས་རིང་ལུགས་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། འགྱུར་བ་མེད་པ་གཉིས་རྒྱུན་འཁྱོངས་བྱེད་པ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་ཐིག་ཏུ་འཛིན་པ་དང་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བ་དཀྱིལ་སྙིང་དུ་བཟུང་སྟེ་འགྲན་རྩོད་རང་བཞིན་གྱི་རྩ་དོན་ལྟར། འདྲ་མཉམ་དང་སྟབས་བདེའི་ཚོང་གཉེར་ཁོར་ཡུག་གསར་སྐྲུན་བྱེད་པ་དང་། ཁེ་ལས་འབྲིང་ཆུང་གི་གསོན་ཤུགས་དང་འཕེལ་རྒྱས་སྒུལ་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས། ཁེ་ལས་འབྲིང་ཆུང་གི་ཡར་སྐུལ་བཅའ་ཁྲིམས་ནན་ཏན་སྒོས་ལག་བསྟར་བྱས་ཏེ་ཁེ་ལས་འབྲིང་ཆུང་གི་དཀའ་ཁག་ཡོངས་སུ་སེལ་ཞིང་ཁེ་ལས་ཀྱི་གསར་སྐྲུན་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ཁེ་ལས་འབྲིང་ཆུང་ཆེད་ལས་ཅན་གྱི་འཕེལ་རྒྱས་ནུས་པ་དང་ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱི་མཉམ་བསྲེས་འཕེལ་རྒྱས་ཆུ་ཚད་ཇེ་མཐོར་བཏང་ནས། ཁེ་ལས་འབྲིང་ཆུང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།