ཀྲུང་གོ་བོད་ཀྱི་དྲ་བ།

ལིག་ཧི་ཡིས་ཨ་མེ་རུ་ཁའི་ཙུང་ཐུང་ཐི་ལང་ཕུའུ་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བཞི་ཉིན། ཨ་མེ་རུ་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཕོ་བྲང་དཀར་པོ་ནས་ཧྭ་ཧྲིན་ཏུང་དུ་ཚོགས་པའི་ཀྲུང་གོ་དང་ཨ་མེ་རུ་ཁའི་དཔལ་འབྱོར་ཉོ་ཚོང་མཐོ་རིམ་གྲོས་མོལ་སྐོར་ཐེངས་དགུ་བར་ཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨ་མེ་རུ་ཁའི་ཁྱོན་ཡོངས་དཔལ་འབྱོར་གྲོས་མོལ་གྱི་ཀྲུང་གོ་ཕྱོགས་ཀྱི་སྣེ་ཁྲིད་པ་ལིག་ཧི་ལ་ཐུག་འཕྲད་བྱས།

ལིག་ཧི་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཐི་ལང་ཕུའུ་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས་པ་དང་དེ་མིན་ཙུང་ཐུང་ཐི་ལང་ཕུའུ་ལ་བསྐུར་བའི་ངག་འཕྲིན་བརྒྱུད་སྒྲོག་བྱས། ཞི་ཅིན་ཕིང་གིས་ངག་འཕྲིན་ནང་གསུངས་རྒྱུར། འདས་པའི་ལོ་གཅིག་ལྷག་གི་ནང་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ཚོགས་པས་རྣམ་པ་སྣ་ཚོགས་བརྒྱུད་དེ་གཅིག་བསྡུས་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གྲོས་མཐུན་ཡིག་ཆའི་གནད་འགག་གནད་དོན་ཐད་ནས་ངོ་བོ་རང་བཞིན་གྱི་འཕེལ་རིམ་གསར་བ་བྱུང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ཚོགས་པས་མུ་མཐུད་དུ་ཕན་ཚུན་ལ་བརྩི་འཇོག་དང་འདྲ་མཉམ་གཉིས་ཕན་གྱི་དགོངས་དོན་ལ་དམིགས་ཏེ། ཕྱོགས་གཉིས་ཀྱིས་ཡིད་འཇོག་བྱེད་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དང་སྔ་མོ་ནས་ཀྲུང་གོ་དང་ཨ་མེ་རུ་ཁའི་དཔལ་འབྱོར་ཉོ་ཚོང་གྲོས་མཐུན་ཡིག་ཆའི་གྲོས་མོལ་ཡོངས་འགྲུབ་བྱེད་དགོས་ཟེར།

ལིག་ཧི་ཡིས་བཤད་རྒྱུར། ཉིན་གཉིས་ཀྱི་རིང་ལ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ཚོགས་པས་ཕན་འབྲས་ལྡན་པའི་གྲོས་མོལ་བྱས་པ་དང་ལྷག་པར་དུ་དཔལ་འབྱོར་ཉོ་ཚོང་ཡིག་ཆ་སོགས་གནད་དོན་གལ་ཆེན་ཐད་ནས་ཐུན་མོང་གི་ལྟ་ཚུལ་གསར་བ་བཏོན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་གཞིར་བཟུང་སྟེ་མུ་མཐུད་དུ་བྱ་བ་བཟང་བོར་བསྒྲུབ་པ་དང་གྲོས་མོལ་གང་ལེགས་བྱས་ནས། ཕྱོགས་གཉིས་ཀྱིས་ཡིད་འཇོག་བྱེད་པའི་གནད་དོན་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་དང་མི་དམངས་ཀྱིས་གནང་བའི་འགན་འཁྲི་གལ་ཆེན་སྟོང་ཟད་དུ་མི་གཏོང་ལ། སྔ་མོ་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གྲོས་མཐུན་གྲོས་མོལ་ཡོངས་འགྲུབ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ངེས་ཡིན་ཟེར།

ཐི་ལང་ཕུའུ་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ངག་འཕྲིན་བསྐུར་བར་བཀའ་དྲིན་ཆེ་ཞུས་པར་མ་ཟད་ལིག་ཧི་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས། ཐི་ལང་ཕུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་གྲོས་མོལ་ཐད་ནས་འཕེལ་རིམ་གསར་བ་བྱུང་ཡོད། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་ཚོགས་པས་མུ་མཐུད་དུ་ཡང་འབད་བསྐྱར་འབད་བྱས་ཏེ་གནད་དོན་ལྷག་མ་མྱུར་དུ་ཐག་གཅོད་པ་དང་། ཁྱོན་ཡོངས་དང་ལོ་རྒྱུས་རང་བཞིན་གྱི་གྲོས་མཐུན་སྔ་མོ་ནས་འགོད་པར་བརྩོན་ལེན་བྱེད་དགོས་ལ། དེ་ཨ་མེ་རུ་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལ་ཕན་པ་ཡོད་པར་མ་ཟད་འཛམ་གླིང་ཡོངས་ལའང་ཕན་ཡོད། བདག་གིས་ཕྱོགས་གཉིས་ཀྱིས་གྲོས་མཐུན་བཀོད་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་ཏེ་རླབས་ཆེན་དུས་སྐབས་དེ་ལ་མཉམ་དུ་བདེན་དཔང་བྱེད་པར་རེ་སྒུག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།