ཀྲུང་གོ་བོད་ཀྱི་དྲ་བ།

ལི་ཀྲན་ཧྲུའུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁེ་ལས་ཆུང་འབྲིང་དར་སྤེལ་གཏོང་བའི་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།     སྤེལ་དུས། : 2019-04-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་གཉིས་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁེ་ལས་ཆུང་འབྲིང་དར་སྤེལ་གཏོང་བའི་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་གནང་། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་གཉིས་ཉིན་ཁེ་ལས་ཆུང་འབྲིང་དར་སྤེལ་གཏོང་བའི་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་གནང་ནས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་དམངས་གཉེར་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་སུ་གཏོང་བའི་ཐད་ལ་གཏམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་ཡོད་པར་མ་ཟད། བྱེ་བྲག་གི་རེ་བ་གསལ་བོ་བཏོན་ཡོད་པ་དང་། ཏང་ཀྲུང་དབྱང་གིས་རྒྱབ་སྐྱོར་གྱི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། དུས་རབས་གསར་བའི་དམངས་གཉེར་དཔལ་འབྱོར་དང་ཁེ་ལས་འབྲིང་ཆུང་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྟོབས་དང་ལྡན་པའི་སྒུལ་ཤུགས་འདོན་སྤྲོད་བྱས་ཡོད་ཟེར།

ལི་ཀྲན་ཧྲུའུ་ཡིས་བསྟན་དོན། དམངས་ཆེན་ཁྲིམས་འཛིན་ཞིབ་བཤེར་ནི་སྤྱིར་བཏང་རང་བཞིན་གྱི་བྱ་བའི་ཞིབ་བཤེར་ཤིག་མ་ཡིན་པར་དེ་ནི་བཅའ་ཁྲིམས་ཀྱི་དོན་དངོས་གནས་ཚུལ་གཞིར་བཟུང་ནས་ཆེད་དུ་ལྟ་སྐུལ་བྱེད་པ་དང་། ངེས་པར་དུ་བཅའ་ཁྲིམས་ལམ་ལུགས་དང་བཅའ་ཁྲིམས་ཐག་བཅད། བཅའ་ཁྲིམས་ཀྱི་དོན་ཚན་ལྟར་ཞིབ་བཤེར་བྱ་བ་སྤེལ་བཞིན་ཡོད། ཁྱོན་ཡོངས་ནས་བཅའ་ཁྲིམས་ཀྱི་དོན་དངོས་གཞིར་བཟུང་ནས་ཞིབ་བཤེར་བྱེད་པའི་རྨང་གཞིའི་སྟེང་གཙོ་བོ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཁེ་ལས་འབྲིང་ཆུང་འཕེལ་རྒྱས་སུ་གཏོང་བའི་བཅའ་ཁྲིམས་བཟོ་བཅོས་དང་གསར་དུ་ཁ་སྣོན་བྱས་པའི་ནང་དོན། བཅའ་ཁྲིམས་ལམ་ལུགས་དང་ཁྲིམས་འཛིན་འགན་ཁུར་ལག་བསྟར་བྱས་པའི་གནས་ཚུལ། དེ་མིན་འབྲེལ་ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་མ་ལག་ཚང་བའི་བཅའ་ཁྲིམས་སྒྲིག་སྲོལ་གཏན་འབེབ་ལག་བསྟར་བྱས་པའི་གནས་ཚུལ་བཅས་ལ་ཞིབ་བཤེར་བྱེད་རྒྱུ་དེ་རེད། ཁྲིམས་འཛིན་ཞིབ་བཤེར་བྱེད་པའི་གོ་རིམ་ཁྲོད་དུ་གཅིག་ནས་ཁྲིམས་ལུགས་ཀྱི་རྩ་དོན་ལྟར་བཅའ་ཁྲིམས་ཀྱི་གཞི་འཛིན་ས་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ནས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་བཅའ་ཁྲིམས་ཀྱི་དོན་དངོས་ལ་ཞིབ་འཇུག་དབྱེ་ཞིབ་བྱེད་པར་མཐོང་ཆེན་བྱེད་པ། གསུམ་ནས་བྱེད་ཐབས་ལེགས་བསྒྱུར་བྱས་ཏེ་འབུར་ཐོན་གནད་དོན་ལ་ཆེད་དོན་དབྱེ་ཞིབ་བྱེད་དགོས། བཞི་ནས་སྲོལ་བཟང་རྒྱུན་འཁྱོངས་རྒྱུན་འཁྱོངས་བྱས་ཏེ་དོན་དངོས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་། ཕྱོགས་སོ་སོའི་བསམ་འཆར་ལ་ཉན་ནས་ཕན་འབྲས་ངོ་མ་ལེན་པར་འཚོལ་ཞིབ་བྱེད་དགོས་ཟེར།

ཁྲིན་ཀྲུའུ་དང་ཝང་ཏུང་མེན། ཁྲི་མེན་ཅིན། ཀྲའོ་ཁི་ཀྲི་བཅས་གྲོས་ཚོགས་ལ་ཞུགས། ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གིས་ཞིང་ཆེན་དང་རང་སྐྱོང་ཁུལ་དྲུག་ལ་ཆེད་དུ་ཡུལ་དངོས་ཞིབ་བཤེར་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།