ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས2019ལོའི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གནས་སྐོར་ལོ་ཚོགས་འགོ་བརྩམས་པར་ཤིས་ཚིག་ཕུལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4བའི་ཚེས1ཉིན། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གནས་སྐོར་ལོ་དེ་ས་མོ་ཡའི་རྒྱལ་ས་ཨ་པུས་ཡ་ནས་ཚོགས་འགོ་བརྩམས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནས་སྐོར་ལོ་ཚོགས་འགོ་བརྩམས་པར་ཤིས་ཚིག་ཕུལ།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ཀྲུང་གོ་མི་དམངས་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་མི་དམངས་བར་དུ་མཛའ་བཤེས་འགྲོ་འོང་གི་རྒྱུན་རིང་ཞིང་ཚན་ཚུན་ལ་ལྟ་ཚུལ་རྣམ་དག་འཛིན་པ་དང་ཕན་ཚུན་ལ་བརྩི་འཇོག་བྱེད་པའི་གྲོགས་པོ་བཟང་བོ་ཡིན་ལ། འཕེལ་རྒྱས་ལ་མཉམ་དུ་འཆར་འགོད་བྱེད་པ་དང་གཉིས་ཕན་མཉམ་རྒྱལ་གྱི་གྲོགས་པོ་ཡིན་པ་དང་། ཕན་ཚུན་འགྲོགས་འདྲིས་ཆེ་ཞིང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་སྤུན་ཟླ་ཡིན་པར་མ་ཟད་རྒྱལ་ཁབ་ལ་ཆེ་ཆུང་མི་བགར་ཞིང་ཚང་མ་འདྲ་མཉམ་ཡིན་པའི་དཔེ་སྟོན་ས་ཡིན། ཉིང་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པར་བདག་གིས་ཕ་ཕུ་ཡ་ཀུའི་ནེ་ཡ་ནས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་ཐུན་མོང་གི་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་བར་གྱི་འབྲེལ་བ་དེ་ཕན་ཚུན་ལ་བརྩི་འཇོག་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་སུ་གཏོང་རྒྱུར་འཐད་པ་བྱུང་བ་དང་། དེས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་གནས་སྐོར་ལོ་སྤེལ་བ་ནི་བདག་གིས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་ཕ་ཕུ་ཡ་ཀུའི་ནེ་ཡ་ནས་ཐུག་འཕྲད་བྱེད་སྐབས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་ཡིན་པས། ཕྱོགས་གཉིས་ཀྱིས་དེ་གོ་སྐབས་སུ་བཟུང་སྟེ་རིག་གནས་བརྗེ་རེས་དང་མི་སྣའི་འགྲོ་འོང་རྒྱ་བསྐྱེད་པ་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་ལ། ཕན་ཚུན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་ཕྱོགས་གཉིས་བར་གྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་དམངས་དོན་རྨང་གཞི་སྲ་བརྟན་དུ་བཏང་ནས། ཀྲུང་གོ་མི་དམངས་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་སྐྲུན་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།