ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་རུ་རྟོག་ཞིབ་མཛད་པ་མ་ཟད་འགོ་མཛིན་བྱས་ནས་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་ཉེར་དྲུག་ཉིན་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་རུ་རྟོག་ཞིབ་མཛད། ཧན་ཀྲིན་གྱིས་སྨན་བཅོས་མ་དངུལ་གཡོ་ལེན་བྱེད་པར་རྡུང་རྡེག་བྱེད་པའི་ཆེད་དོན་གློག་བརྙན་ལ་བལྟས་པ་དང་། དེའི་རྗེས་འགོ་མཛིན་མཛད་དེ་བཞུགས་མོལ་ཚོགས་བསྡུས་ལ། སྨན་བཅོས་མ་དངུལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་པ་དང་སྨན་བཅོས་འགན་སྲུང་ཐོབ་ཐང་གི་གསལ་ཁྲའི་དོ་དམ་ལམ་ལུགས་འཛུགས་པ། ཁྲག་ཤེད་མཐོ་བ་དང་སྐྱིན་སྙི་ཟ་ཁུའི་སྒོ་བསྟེན་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པ། སྨན་བཅོས་འགན་སྲུང་སྨན་རྫས་ཀྱི་དཀར་ཆག་འགུལ་རྣམ་ལེགས་སྒྲིག་རྐྱེན་སྲོལ་འཛུགས་པ་སོགས་བྱ་བའི་སྐོར་གྱི་སྙན་ཞུ་ལ་ཉན་པ་མ་ཟད། 2019ལོའི་སྨན་བཅོས་འགན་སྲུང་གི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། འཕེལ་རྒྱས་དུས་རིམ་ལ་རྐང་འཛུགས་པ། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གནད་དོན་འཚོལ་བ་དང་གནད་དོན་ཐག་གཅོད་པ། བློ་བརྟན་འགྱུར་མེད་ཀྱིས་དམིགས་འབེན་སྙེག་ནས་མདུན་བསྐྱོད་བྱས་ཏེ།  ཧུར་ཐག་གིས་སྔར་ལས་འདྲ་མཉམ་དང་རྒྱུན་མཐུད་བྱེད་ཆོག་པའི་སྨན་བཅོས་འགན་སྲུང་མ་ལག་འཛུགས་དགོས། ཡོངས་ཁེབས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ་དང་། གཅིག་གྱུར་གྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ལམ་ལུགས་དང་ནད་ལྕི་མོའི་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དམངས་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་དྲ་རྒྱལ་ཇེ་དམ་དུ་གཏོང་དགོས། ཐབས་བརྒྱ་ཇུས་སྟོང་གིས་གཞི་རྩར་འགན་སྲུང་བྱེད་པ་དང་། གཞི་རྩའི་སྨན་བཅོས་འགན་སྲུང་རེ་བར་དམིགས་ནས། འགན་འཁྲི་བགོ་བཤའ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཁྲོད་མི་དམངས་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད་རིམ་བཞིན་དུ་མཐོར་འདེགས་གཏོང་དགོས། དམིགས་བསལ་མི་ཚོགས་ལ་ཧ་ཅང་དོ་སྣང་བྱེད་པ་དང་། འབྲས་སྐྲན་སོགས་ནད་ལྕི་མོ་བྱུང་བའི་ནད་པའི་སྨན་བཅོས་འགན་སྲུང་ལ་ཤུགས་སྣོན་པ། ནད་བྱུང་ནས་དབུལ་བོར་གྱུར་བའི་ཐད་ཀྱི་འབུར་ཐོན་གནད་དོན་གཙོར་བཟུང་ནས་ཐག་བཅད་དེ། ལམ་ལུགས་ཀྱི་དགེ་མཚན་རང་བཞིན་དང་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་མངོན་པར་བྱེད་དགོས། རང་ནུས་ཅི་ཐུབ་ཀྱིས་སྨན་བཅོས་འགན་སྲུང་སྲིད་ཇུས་འཐུས་ཚང་དུ་བཏང་ནས། སྨན་བཅོས་འགན་སྲུང་ལམ་ལུགས་ཡུན་རིང་བོར་རྒྱུན་མཐུད་པར་ཁག་ཐེག་བྱེད་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། སྨན་བཅོས་མ་དངུལ་གཡོ་ལེན་བྱེད་པའི་སྤྱོད་ཚུལ་རྡུང་རྡེག་ནན་མོ་བྱེད་པ་དང་། དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྲིམས་ལྟར་མི་དམངས་མང་ཚོགས་ཀྱི་སྲོག་སྐྱོབ་མ་དངུལ་གཡོ་ལེན་བྱེད་པའི་ཁྲིམས་འགལ་ནག་ཉེས་སྤྱོད་ཚུལ་ལ་ཆད་གཅོད་ནན་མོ་བྱེད་དགོས། སྨན་བཅོས་འགན་སྲུང་དཀར་ཆག་ལེགས་སྒྲིག་བྱ་བར་དམ་འཛིན་བྱེད་པ་དང་། རྒྱལ་ཁབ་ཀྱི་ངོས་ནས་དོ་དམ་བཟང་བོ་བྱས་ནས། ཚན་རིག་དང་མཐུན་པ་དང་སྒྲིག་ལམ་ཡོད་པའི་སྒོ་ནས་ལེགས་སྒྲིག་བྱེད་དགོས། མཁར་གྲོང་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཐོབ་ཐང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཁྲག་ཤེད་མཐོ་བ་དང་སྐྱིན་སྙི་ཟ་ཁུའི་སྒོ་བསྟེན་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།