ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《བུ་བཙའི་འགན་བཅོལ་དང་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཟླ་སྒྲིལ་བཏང་ནས་ལག་བསྟར་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《བུ་བཙའི་འགན་བཅོལ་དང་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཟླ་སྒྲིལ་བཏང་ནས་ལག་བསྟར་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་ལ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

《བསམ་འཆར》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། མི་དམངས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས། འཕེལ་རྒྱས་གསར་པའི་འདུ་ཤེས་བརྟན་པོ་འཛུགས་པ། འགན་བཅོལ་རིགས་སོར་འཇོག་དང་། ཐོབ་ཐང་འགན་སྲུང་། གཅིག་གྱུར་དོ་དམ། མ་གནས་ཉུང་གཏོང་བཅས་ཀྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་། བུ་བཙའི་འགན་བཅོལ་དང་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཟླ་སྒྲིལ་བཏང་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འགན་བཅོལ་ནང་ཞུགས་སྐབས་དུས་གཅིག་ཏུ་ཐོ་འགོད་དང་། ཐེབས་རྩ་ཟླ་སྒྲིལ་བཏང་ནས་གཉེར་སྐྱོང་། རིན་བསྡུ་དང་དོ་དམ་གཅིག་གྱུར། ལྟ་སྐུལ་དང་དོ་དམ་གཅིག་གྱུར། སྒྲུབ་གཉེར་དང་ཞབས་ཞུ་གཞི་གཅིག་ཅན་བཅས་མངོན་འགྱུར་ཐུབ་པ་བྱེད་དགོས་པ་བཏོན་ཡོད།

《བསམ་འཆར》ནང་བུ་བཙའི་འགན་བཅོལ་དང་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཟླ་སྒྲིལ་བཏང་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བའི་གཙོ་བོའི་སྲིད་ཇུས་གཙོ་བོ་བཏོན་པ་སྟེ། གཅིག་ནི་འགན་བཅོལ་ནང་ཞུགས་པའི་ཐོ་འགོད་གཅིག་གྱུར་ཡོང་བ་བྱེད་དགོས་ཤིང་། ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་མཉམ་དུ་ཞུགས་པའི་ལས་ཐོག་ལས་བཟོས་བུ་བཙའི་འགན་བཅོལ་ནང་ཞུགས་ཆོག་པ་དང་། གཉིས་ནི་ཐེབས་རྩའི་རིན་བསྡུ་དང་དོ་དམ་གཅིག་གྱུར་ཡོང་བ་བྱེད་དགོས་ཤིང་། བུ་བཙའི་འགན་བཅོལ་ཐེབས་རྩ་དེ་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་ནང་བཅུག་ནས་གཅིག་གྱུར་བསྡུ་བ་དང་རིམ་པ་སྤྱི་འདོམས་ཀྱིས་གཅིག་གྱུར་བཟོ་བ། མི་སྤྱོད་ཚན་པར་བུ་བཙའི་འགན་བཅོལ་དང་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་རིན་བསྡུའི་བསྡུར་ཚད་གྱི་བསྡོམས་འབོར་གཞིར་བཟུང་། ཚད་གཞི་གསར་པ་གཏན་འཁེལ་བྱེད་པ། གསུམ་ནི་སྨན་བཅོས་ཞབས་ཞུའི་དོ་དམ་གཅིག་གྱུར་ཡོང་བ་བྱེད་དགོས་ཤིང་། འགན་བཅོལ་དེ་གཉིས་ཟླ་སྒྲིལ་བཏང་ནས་ལག་བསྟར་བྱས་རྗེས་གཅིག་གྱུར་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་ཞབས་ཞུའི་དོ་དམ་ལག་བསྟར་བྱས་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་གྱི་སྨན་རྫས་དཀར་ཆག དེ་བཞིན་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ནད་བརྟག་སྨན་བཅོས་ཀྱི་རྣམ་གྲངས་དང་སྨན་བཅོས་ཞབས་ཞུའི་སྒྲིག་ཆས་ཀྱི་ཁྱབ་ཁོངས་བཅས་ལག་བསྟར་བྱེད་པ། བུ་བཙའི་སྨན་རིན་གྱི་རྩ་དོན་ཐད། སྨན་བཅོས་འགན་བཅོལ་གྱི་སྒྲུབ་གཉེར་སྒྲིག་གཞི་དང་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིས་ཐད་ཀར་མཇུག་རྩིས་རྒྱག་ཆོག་པ། བཞི་ནི་སྒྲུབ་གཉེར་དང་ཆ་འཕྲིན་ཞབས་ཞུ་གཅིག་གྱུར་ཡོང་བ་བྱེད་དགོས་ཤིང་། སྒྲུབ་གཉེར་དོ་དམ་གཅིག་གྱུར་ཡོང་བ་བྱེད་དགོས་ཤིང་། སྒྲུབ་གཉེར་དང་དོ་དམ་གཅིག་གྱུར་ཐོག་གཞི་རྩའི་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་ཚན་པས་འགན་འཁུར་ནས་ཆ་འཕྲིན་མ་ལག་གཞི་གཅིག་ཅན་གྱི་གཉེར་སྐྱོང་ལག་བསྟར་བྱེད་པ། ལྔ་ནི་ལས་བཟོས་ཕྲུ་གུ་བཙའ་རིང་བུ་བཙའི་འགན་བཅོལ་གྱི་ཐོབ་ཐང་མི་འགྱུར་བ་འགན་ལེན་བྱེད་དགོས་ཤིང་། འགན་བཅོལ་ནང་ཞུགས་མཁན་གྱི་བུ་བཙའི་སྨན་རིན་དང་བུ་བཙའི་ཁ་གསབ་དངུལ་སོགས་བུ་བཙའི་འགན་བཅོལ་གྱི་ཐོབ་ཐང་ཁག་ད་ལྟ་ལག་བསྟར་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་ལྟར་ལག་བསྟར་བྱེད་པ་དང་མ་དངུལ་དེ་དག་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་ནས་གཏོང་སྤྲོད་བྱེད་པ། དྲུག་ནི་ལམ་ལུགས་ཀྱི་རྒྱུན་མཐུད་རང་བཞིན་འགན་ལེན་བྱེད་དགོས་ཤིང་། ས་གནས་ཁག་གིས་ཐེབས་རྩ་སྤྱི་འདོམས་མཉམ་སྤྱོད་ནུས་པ་ཆེ་རུ་གཏོང་བ་དང་། ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་དང་ལམ་ལུགས་འགན་སྲུང་གི་ནུས་པ་ཆེ་རུ་གཏོང་བ། སྔོན་དཔག་ལ་ལུགས་མཐུན་ངང་སྐུལ་ཁྲིད་བྱེད་པ། བུ་བཙའི་འགན་བཅོལ་གྱི་ལྟ་ཞིབ་ཚད་ལེན་གྱི་དམིགས་ཚད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་བུ་བཙའི་འགན་བཅོལ་གྱི་འགྲོ་སོང་དགོས་མཁོ་གཞིར་བཟུང་། འགྲོ་གྲོན་གྱི་ལེགས་སྒྲིག་འགུལ་རྣམ་ལམ་སྲོལ་འཛུགས་དགོས་པ་བཅས་བཏོན་ཡོད།

《བསམ་འཆར》ནང་ས་གནས་ཁག་གིས་བུ་བཙའི་འགན་བཅོལ་དང་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ཟླ་སྒྲིལ་བཏང་ནས་ལག་བསྟར་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཁག་གིས་ལས་དོན་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་འདོམས་ས་ཁུལ་ཁག་ལ་མགྱོགས་མྱུར་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ2019ལོའི་ལོ་མཇུག་གོང་འགན་བཅོལ་གཉིས་ཟླ་སྒྲིལ་བཏང་ནས་ལག་བསྟར་བྱེད་ཐུབ་པའི་བླང་བྱ་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།