ན་ནིང་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་ཀྱི་དངུལ་འབོར་སྒོར་དུང་ཕྱུར་ཁྲི283.1ཟིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས2018ལོའི་ཟོག་འགྲེམས་འཁོར་སྐྱོད་གྲངས་གཞི་ཡོངས་བསྒྲགས་བྱས་ཤིང་། ན་ནིང་རྒྱལ་སྤྱི་རྒྱལ་ནང་གི་ཁོར་ཡུག་རྙོག་འཛིང་ཆེ་ལ་འགྱུར་ལྡོག་ཆེ་བའི་རྒྱབ་ལྗོངས་འོག རང་རྒྱལ་གྱི་ཟོག་འགྲེམས་འཁོར་སྐྱོད་ཐད་སྤྱི་ཡོངས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་གྱི་རྩ་བའི་རྣམ་པ་མངོན་ཡོད། ཟོག་འགྲེམས་དགོས་མཁོའི་གཞི་ཁྱོན་འོས་འཚམ་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱུང་བ་དང་དགོས་མཁོའི་གྲུབ་ཆ་མུ་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།

གྲངས་གཞི་ལས་མངོན་པར། 2018ལོའི་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་ཀྱི་དངུལ་འབོར་སྒོར་དུང་ཕྱུར་ཁྲི283.1ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས6.4%འཕར་ཡོད་པ་དང་འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས0.2ཆག་སྟེ། སྐྱེལ་འདྲེན་ལྷུ་ཚིགས་ཀྱི་ཕན་འབྲས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ལོ་ཧྲིལ་པོར་སྤྱི་ཚོགས་ཟོག་འགྲེམས་སྤྱིའི་གྲོན་དངུལ་སྒོར་དུང་ཕྱུར་ཁྲི13.3ཟིན་པ་དེ་དུས་མཚུངས་ལས9.8%འཕར་བ་དང་འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས0.7ཡིས་མཐོ་བ་ཡོད། ཟོག་འགྲེམས་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི10.1ཟིན་པ་དེ་ལོ་གོང་མ་ལས14.5%འཕར་ཡོད་པ་དང་འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས3འཕར་ཡོད་པ་རེད།

ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ལི་མིང་གིས་དབྱེ་ཞིབ་བྱས་པ་བརྒྱུད། 2018ལོར་ཟོག་འགྲེམས་དགོས་མཁོའི་གྲུབ་ཆ་ལེགས་སུ་ཕྱིན་ཡོད། མཐོ་གསར་ལག་རྩལ་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་སོགས་ཀྱི་གསར་དར་སྒུལ་ཤུགས་ཆེ་རུ་ཕྱིན་པ་དང་། ལོ་ཧྲིལ་པོའི་འགྲིམ་འགྲུལ་སྐྱེལ་འདྲེན་བཟོ་སྐྲུན་ལས་རིགས་དང་གློག་ཆས་འཕྲུག་ཆས་བཟོ་སྐྲུན། གློག་རྡུལ་འཕྲིན་གཏོང་ལག་རྩལ་བཟོ་སྐྲུན་བཅས་ཟོག་འགྲེམས་དགོས་མཁོ་ཁག་སོ་སོར13.8%དང10.1% 10.5%བཅས་འཕར་ཡོད། འཛད་སྤྱོད་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་ཟོག་འགྲེམས་དགོས་མཁོ་དེ་ཟོག་འགྲེམས་འཕར་བའི་སྒུལ་ཤུགས་གཙོ་བོར་འགྱུར་བ་དང་ལོ་ཧྲིལ་པོར་ཚན་པ་དང་གྲོང་མིའི་ཅ་དངོས་ཟོག་འགྲེམས་ཀྱི་བསྡོམས་འབོར་དུས་མཚུངས་ལས22.8%འཕར་བ་དེ་སྤྱི་ཚོགས་ཟོག་འགྲེམས་བསྡོམས་འབོར་འཕར་ཚད་ལས་བརྒྱ་ཆའི་གྲངས16.4ཡིས་མཐོ་བ་ཡོད་པ་རེད། དྲ་ཐོག་སིལ་ཚོང་ཁྱབ་ཁོངས་སུ་དྲ་ཐོག་ཚོང་དོན་གྱི་འཛད་སྤྱོད་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེས་རྒྱལ་ཡོངས་ཅ་དངོས་ཀྱི་མྱུར་སྐྱེལ་ལས་སྒོའི་དངུལ་འབོར་དུང་ཕྱུར507.1ཟིན་པ་དེ་དུས་མཚུངས་ལས26.6%འཕར་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།