ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་བཅའ་ཁྲིམས་མ་ལག་སྔར་བས་འཐུས་ཚང་དུ་གཏོང་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གསར་འགོད་པའི་ཚོགས་འདུའི་སྟེང་འབྲེལ་ཡོད་འགན་འཁུར་པས་ཁྲིམས་འཛུགས་བྱ་བ་གླེང་བ།

■འདས་པའི་ལོ་ངོ་གཅིག་གི་རིང་ལ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བསྡོམས་པས་བཅའ་ཁྲིམས8གཏན་འཁེལ་དང་།བཅའ་ཁྲིམས47བཟོ་བཅོས་བྱས་པ་དང་།འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་ཐག་གཅོད་དང་གནད་དོན་གཙོ་བོ9ཐག་གཅོད་བྱས།

■ཞིང་སྡེའི་ས་ཞིང་འགན་གཙང་ལེན་སྐོར་གྱི་བཅའ་ཁྲིམས་བཟོ་བཅོས་བྱས་ན། ས་ཞིང་གི་གཞི་ཁྱོན་འོས་འཚམ་ངང་གཉེར་སྐྱོང་བྱེད་སྟངས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་སྟེ།ཞིང་ལས་དེང་རབས་ཅན་སྔར་བས་གོང་དུ་སྤེལ་བར་སྐུལ་སྤེལ་བྱེད་ཐུབ།

■རང་རྒྱལ་ལ་ད་ཡོད་ཀྱི་བཅའ་ཁྲིམས་བསྡོམས་པས271ཡོད་ལ།འབྲི་ཆུ་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་ད་ལོའི་ཁྲིམས་འཛུགས་འཆར་གཞིའི་ཁྲོད་བཞག་ཡོད།

ཟླ3པའི་ཚེས9ཉིན་གྱི་སྔ་དྲོར།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པས་གསར་འགོད་པའི་ཚོགས་འདུ་བསྡུས་ཤིང་།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཞིང་ལས་དང་ཞིང་སྡེ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཁྲེན་ཞི་ཝུན་དང་།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའམ་ཨུ་ཡོན་ཝུའུ་རི་ཐུའུ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཅུན་ཁྲེན།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞུས་ཨན་པིའོ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཁྲེང་ལི་ཧྥེང་བཅས་ཀྱིས་ཀྲུང་ཕྱིའི་གསར་འགོད་པས་དྲིས་པའི“མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་འཛུགས་བྱ་བའི”འབྲེལ་ཡོད་གནད་དོན་ལ་ལན་བཏབ།

“འདས་པའི་ལོ་ངོ་གཅིག་གི་རིང་ལ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་བྱ་བར་འཕེལ་རྒྱས་གསར་བ་མངོན་ཞིང་།དེའི་ཁྲོད་ཁྲིམས་འཛུགས་ཀྱི་བྱ་བ་ཏན་ཏན་ཏིག་ཏིག་གིས་གོང་དུ་སྤེལ་ཏེ།བཅའ་ཁྲིམས8གཏན་འབེབས་དང་།བཅའ་ཁྲིམས47བཟོ་བཅོས་བྱས་ཤིང་།འབྲེལ་ཡོད་ཀྱི་བཅའ་ཁྲིམས་གནད་དོན་ཐག་གཅོད་དང་གལ་ཆེའི་གནད་དོན9ཐག་གཅོད་བྱས”ཞེས་ཞུས་ཨན་པིའོ་ཡིས་དེ་ལྟར་མཚམས་སྦྱོར་བྱས་པ་དང་།མིག་སྔའི་བར་དུ་ད་ཡོད་ཀྱི་བཅའ་ཁྲིམས་བསྡོམས་པས271ཡོད་ལ། རང་རྒྱལ་གྱི་བཅའ་ཁྲིམས་མ་ལག་སྔར་བས་འཐུས་ཚང་དུ་བཏང་ཡོད།ན་ནིང་གི་ལོ་མཇུག་ཏུ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིང་སྡེའི་ས་ཞིང་འགན་གཙང་ལེན་སྐོར་གྱི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་འཆམ་བྱུང་།“ཐེངས་འདིའི་བཅའ་ཁྲིམས་བཟོ་བཅོས་ཀྱི་ནང་དོན་གཙོ་བོ་ནི་ཡར་སྔོན་གྱི་ཞིང་སྡེའི་ས་ཞིང་གི་བདག་དབང་དང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་གཉིས་སོ་སོར་དབྱེ་སྟེ།བདག་དབང་དང་འགན་གཙང་ལེན་དབང་ཆ།བདག་གཉེར་དབང་ཆ་བཅས་དབང་གསུམ་ལོགས་སུ་འཛུགས་རྒྱུ་ཡིན”ཞེས་ཁྲེན་ཞི་ཝུན་གྱིས་དེ་ལྟར་མཚམས་སྦྱོར་བྱས་པ་དང་།དེས་འགན་གཙང་ལེན་ཁྱིམ་ཚང་གི་ཁེ་དབང་སྲུང་སྐྱོབ་ལེགས་པོ་བྱས་པར་མ་ཟད།གཉེར་སྐྱོང་བྱེད་མཁན་གསར་པ་དག་གི་ཁེ་དབང་ཡང་སྲུང་སྐྱོབ་ལེགས་པོ་བྱས་ཡོད།དེ་ལྟར་བྱས་ན་ས་ཞིང་གི་གཞི་ཁྱོན་འོས་འཚམ་ངང་གཉེར་སྐྱོང་བྱེད་སྟངས་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བར་ཕན་པ་དང་།ཞིང་ལས་དེང་རབས་ཅན་སྔར་བས་གོང་དུ་འཕེལ་བར་སྐུལ་སྤེལ་བྱེད་ཐུབ།

ཁྲིམས་སྐྱོང་ནི་ཆེས་ལེགས་པའི་ཚོང་གཉེར་ཁོར་ཡུག་ཅིག་ཡིན།བཅོས་བསྒྱུར་སྒོ་འབྱེད་ཀྱི་ཐོག་མའི་དུས་རིམ་ནང་ང་ཚོས“ཕྱི་དངུལ་བཅའ་ཁྲིམས་གསུམ”གཏན་འབེབས་བྱས་པས།ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་བྱེད་པར་འགན་ལེན་གལ་ཆེན་དང་ཚད་ལྡན་གྱི་ནུས་པ་ཐོན་ཡོད།ལོ་ངོ་བཅུ་ལྷག་འགོར་རྗེས་ཀྱི་ད་ལྟར།དང་ཐོག་གི“ཕྱི་དངུལ་གསུམ་གྱི་བཅའ་ཁྲིམས”དེ་གནས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་འཕྲོད་དཀའ། དུས་རབས་གསར་པའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་སྒྲིག་གཞི་འཛུགས་པའི་དགོས་མཁོ་དང་བསྟུན་ཆེད།ངེས་པར་དུ་ཕྱི་རྒྱལ་གྱི་ཚོང་བས་མ་དངུལ་གཏོང་བའི་ཁྱབ་ཁོངས་ནང་ནས་གཅིག་གྱུར་ཡིན་པའི་རྨང་གཞིའི་རང་བཞིན་གྱི་ཁྲིམས་ལུགས་གསར་བ་ཞིག་འཛུགས་དགོས”ཞེས་ལིའུ་ཅུན་ཁྲེན་གྱིས་ཕྱི་འབྲེལ་མ་དངུལ་བཅའ་ཁྲིམས་འཛུགས་སྐབས་ཀྱི་རྒྱབ་ལྗོངས་གླེང་སྐབས་དེ་ལྟར་བཤད་པ་དང་།བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་རྗེས་ཀྱི་ཐོག་མའི་ལོ་འདིར།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཕྱི་རྒྱལ་གྱི་ཚོང་བས་མ་དངུལ་འཇོག་པའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་མཛད་ཅིང་།ཀྲུང་གོས་བཅོས་བསྒྱུར་སྒོ་འབྱེད་མུ་མཐུད་དུ་ལག་བསྟར་བྱ་རྒྱུ་ཡིན་པའི་ཆོད་སེམས་དང་འདུ་ཤེས་མཚོན་པ་འདི་ལ།དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན།

“མིག་སྔའི་བར་དུ།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁོར་ཡུག་སྲུང་སྐྱོབ་ཁྲལ་སྡུད་བཅའ་ཁྲིམས་དང་རྡོ་ཐའི་ཁྲལ་སྡུད་བཅའ་ཁྲིམས།གྲུ་གཟིངས་ཀྱི་ཏུན་ཚད་ཁྲལ་སྡུད་བཅའ་ཁྲིམས།རྨོ་ཞིང་ཟིན་ཚད་སྐོར་གྱི་ཁྲལ་སྡུད་བཅའ་ཁྲིམས་དང་རླངས་འཁོར་ཉོ་སྒྲུབ་སྐོར་གྱི་ཁྲལ་སྡུད་བཅའ་ཁྲིམས་སོགས་གཏན་འབེབས་བྱས་ཤིང་།ཁེ་ལས་ཀྱི་ཐོབ་ཁྲལ་བཅའ་ཁྲིམས་དང་མི་སྒེར་གྱི་ཐོབ་ཁྲལ་བཅའ་ཁྲིམས་བཟོ་བཅོས་བྱས། དུས་མཉམ་དུ་ད་རུང་ཐོན་ཁུངས་ཁྲལ་སྡུད་འཆར་ཟིན་ལ་ཐོག་མའི་གྲོས་ཞིབ་མཛད།”ཅེས་ཝུའུ་རི་ཐུའུ་ཡིས་དེ་ལྟར་མཚམས་སྦྱོར་བྱས་ཤིང་།རྗེས་མར་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་གཞི་དང་ལོ་འཁོར་མོའི་ཁྲིམས་འཛུགས་འཆར་གཞིའི་བླང་བྱ་ལྟར།འབྲེལ་ཡོད་སྡེ་ཁག་གིས་མྱུར་དུ་གནས་ཐང་འཕར་ཁྲལ་བཅའ་ཁྲིམས་དང་འཛད་སྤྱོད་ཁྲལ་སྡུད་བཅའ་ཁྲིམས།ས་ཁང་བདག་ཁོངས་ཁྲལ་སྡུད་བཅའ་ཁྲིམས།སྒོ་ཁྲལ་བཅའ་ཁྲིམས་དང་གྲོང་ཁྱེར་སྲུང་སྐྱོབ་འཛུགས་སྐྲུན་སྐོར་གྱི་ཁྲལ་སྡུད་བཅའ་ཁྲིམས།གན་རྒྱའི་ཁྲལ་སྡུད་བཅའ་ཁྲིམས།དཔེ་རིས་སྦྱར་བའི་ཁྲལ་སྡུད་བཅའ་ཁྲིམས་དང་ཁྲལ་འབབ་སྡུད་ལེན་བདག་སྤྲོད་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་སོགས་ཁྲིམས་ལུགས་ཀྱི་མ་ཟིན་ཟིན་བྲིས་འགོད་པར་སྐུལ་འདེད་བཏང་ནས།ཁྲིམས་ལུགས་འཆར་ཟིན་གྱི་ཐོག་མའི་གྲོས་ཞིབ་ལེགས་པར་བྱས་ཤིང་།ཁྲལ་བསྡུའི་ཁྲིམས་བཀོད་རྩ་དོན་གྱི་ཁྲིམས་འཛུགས་ལས་འགན་དུས་ཐོག་ཏུ་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་རྒྱུ་རེད།

“རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་འབྲི་ཆུ་སྲུང་སྐྱོབ་བྱེད་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་ཡོང་བར་བྱས་ནས།འབྲི་ཆུ་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་དེ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་འཆར་འགོད་ཀྱི་ལས་གཞི་ཞིག་ཏུ་བརྩིས་ཏེ།2019ལོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་བྱ་བའི་འཆར་གཞིའི་ནང་དུ་བཞག་ཡོད”ཅེས་ཁྲེང་ལི་ཧྥེང་གིས་དེ་ལྟར་མཚམས་སྦྱོར་བྱས་པ་དང་།“ང་ཚོས་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་དག་མཉམ་ཞུགས་བྱེད་པའི་བཅའ་ཁྲིམས་འཆར་ཟིན་ཟིན་འགོད་ཆེད་སྒྲུབ་འཛིན་གྲྭ་བཙུགས་ཡོད་པས།མུ་མཐུད་དུ་རྩད་ཞིབ་བརྟག་དཔྱད་དང་རྒྱ་ཁྱབ་ངང་བསམ་འཆར་བསྡུ་ལེན་བྱེད་པའི་རྨང་གཞིའི་སྟེང་།བཅའ་ཁྲིམས་འཆར་ཟིན་ཟིན་འགོད་བྱེད་པའི་བྱ་བར་དམ་འཛིན་བྱས་ནས།རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་གནང་རྒྱུར་ཕུལ་བའི་ལས་འགན་དུས་ཐོག་ཏུ་འགྲུབ་ཏུ་འཇུག་རྒྱུ་དང་།དུས་རབས་གསར་བའི་ཁྲིམས་འཛུགས་བྱ་བའི་བླང་བྱ་གསར་བ་དོན་འཁྱོལ་བྱེད་དགོས། །”

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།