ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར180བཏང་ནས་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་ཏུ་བྱ་རྒྱུ་རེད།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-03-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ད་ལོར་རྒྱལ་ཁབ་ཀྱིས་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་མུ་མཐུད་བརྟན་དུ་བཏང་ནས་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར180བཏང་སྟེ་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་བྱ་རྒྱུ་རེད།

ཀྲུང་དབྱང་ཞིང་ལས་གཞུང་དོན་ཁང་གི་ཀྲུའུ་རེན་ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཁྲང་ཧྥུའུ་ཡིས་ཧུའུ་པེ་ཞིང་ཆེན་ཤང་དབྱང་གྲོང་ཁྱེར་དུ་འཚོགས་པའི་རྒྱལ་ཡོངས་ཀྱི་དཔྱིད་དུས་ཞིང་ལས་ཐོན་སྐྱེད་དང་ཞིང་ལས་འཕྲུལ་ཆས་ཅན་གྱི་ཕྱོགས་སྒྱུར་རིམ་སྤོར་ལས་དོན་ཚོགས་འདུའི་ཐོག ད་ལོར་ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་ཐད་ལྗང་མདོག་དང་དགོས་མཁོའི་སྟོན་ཕྱོགས་མངོན་གསལ་དོད་པ་དང་། སྲུང་སྐྱོང་རང་བཞིན་གྱི་རྨོ་འདེབས་དང་། འགྱིག་རོ་ཚུར་བསྡུ། སོག་མ་ཐག་གཅོད། ཕྱུགས་རིགས་ཀྱི་ལྕི་བ་དང་བྱ་བྲུན་ཐོན་ཁུངས་ཅན་གྱི་བེད་སྤྱོད་སོགས་ཀྱི་འཕྲུལ་ཆས་སྒྲིག་ཆས་དང་དེ་བཞིན་རི་མ་ཐང་དང་རི་ཁུལ་དང་ཁྱད་ལྡན་ཐོན་ལས་ལ་དགོས་མཁོ་ཆེ་བའི་ཞིང་འཕྲུལ་ཐོན་རྫས་གསར་པར་ཁ་གསབ་བྱེད་དགོས་རིགས་ལ་ཁ་གསབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

2018ལོའི་ལོ་མཇུག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ལས་འཕྲུལ་ཆས་ཅན་དང་ཞིང་འཕྲུལ་སྒྲིག་ཆས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་བཀྲམ་ཡོད། དེའི་ཐད་ཧན་ཁྲང་ཧྥུའུ་ཡིས་ས་གནས་ཁག་གི་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་འཕྲུལ་ཆས་ཅན་དེ་རྨོད་དང་། འདེབས། བསྡུ་བཅས་ཀྱི་ལྷུ་ཚིགས་ནས་རྩི་ཤིང་སྲུང་སྐྱོང་དང་། སྲོ་སྐམ། སོག་མ་ཐག་གཅོད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་མགྱོགས་མྱུར་བཏང་བ་དང་། འདེབས་འཛུགས་ལས་རིགས་ནས་འབྲོག་ལས་དང་། ཉ་ལས། སྒྲིག་བཀོད་ཞིང་ལས། ཞིང་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་བཟོ་ལས་བར་སྣུར་སྲིང་བྱས་པ། ཐང་གཤོངས་ས་ཁུལ་ནས་རི་མ་ཐང་དང་རི་ཁུལ་བར་རྒྱ་སྐྱེད་བཏང་བ་མ་ཟད། བཟོ་འཕྲིན་སྡེ་ཚན་ལ་གཞོགས་འདེགས་ཀྱིས་ཞིང་འཕྲུལ་སྒྲིག་ཆས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཅེས་བཤད།

ཁོང་གིས2019ལོར་ཞིང་འཕྲུལ་གྱི་ས་སྦོལ་བཅོས་སྒྲིག་མུའུ་དུང་ཕྱུར1.4བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། བརྒྱུད་རིམ་ཧྲིལ་པོའི་དཔེ་སྟོན་རྫོང400ཟིན་པའི་བརྩོན་ལེན་བྱ་རྒྱུ། གྲོ་དང་། མ་རྨོས་ལོ་ཏོག ཆུ་འབྲས་བཅས་འབྲུ་རིགས་གཙོ་བོ་གསུམ་སྤྱིར་ན་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་དུ་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད། སྣ་ཁ་ཞིབ་བཤེར་གཏན་འབེབས་དང་རྨོ་འདེབས་ལམ་ལུགས་གསར་སྒྱུར་སོགས་ཐད་འཕྲུལ་ཆས་ཅན་གྱི་དགོས་མཁོ་དང་འཚམ་པ་བྱ་རྒྱུ་དེ་གཞི་རྩའི་དམིགས་ཡུལ་དུ་བྱས་ནས་སོན་བཟང་དང་། འདེབས་སྟངས་བཟང་པོ། ས་རྒྱུ་གཤིན་པོ། འཕྲུལ་ཆས་ལེགས་པོ་བཅས་ལེ་ལག་ཚང་པོ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད་ཅེས་བཤད།

ཧན་ཁྲང་ཧྥུའུ་ཡིས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་ས་ཞིང་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་སྐབས། “ཞིང་འཕྲུལ་ཞིང་ཁའི་ཐོག་སྤྱོད་ཐུབ་པ་བྱ་རྒྱུ”དམིགས་ཚད་གལ་ཆེན་དུ་བརྩིས་ཏེ་ཞིང་ཁ་ཆུང་བ་ནས་ཆེ་བའི་བར་དང་། ལྡེབས་ནས་ཐང་གཤོངས་བར། ཀྱོག་ཀྱོག་ནས་འདྲོང་པོ་བར་བཅས་ལ་སྐུལ་འདེད་གཏོང་རྒྱུ་དང་། རི་མ་ཐང་དང་རི་ཁུལ་གྱི་ཞིང་ནང་དུ“འཕྲུལ་ཆས་ཅན་སྤྱོད་རྒྱུར་འཚམ་པའི”སྒྱུར་བཅོས་བྱ་རྒྱུ་དང་ཆབས་ཅིག་ཞིང་འཕྲུལ་མཉམ་སྤྱོད་ཐུབ་རྒྱུར་གསར་གཏོད་དང་སྐུལ་འདེད་བཏང་ནས་ཞིང་དུད་ཆུང་གྲས་ལ་སྔར་བས་ལེགས་པའི་ངང་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།