ཀྲུང་གོ་བོད་ཀྱི་དྲ་བ།

ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཐད་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་མིན་ཧའེ་དང་པད་རྒྱལ་བཀྲ་ཤིས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་བཀོད་ཐད་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པའི་གྲོས་གཞི་བཏོན།

གྲོས་གཞི་ལས་དབྱེ་ཞིབ་བྱས་པ་ལྟར་ན། དུས་ཡུན་རིང་པོའི་ནང་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ཁུལ་དང་ལྷག་པར་དུ་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ། མཚོ་སྐོར་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་གྱི་འཚོ་བའི་གད་སྙིགས་དང་། བཙོག་ཆུ་ཐག་གཅོད་སོགས་ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་ཆས་ཆ་ཚང་མིན་ལ། འཐུས་སྒོ་མི་ཚང་བའི་གནད་དོན་གཞི་རྩ་ནས་ཐག་གཅོད་ཐུབ་མེད། དེའི་ཐོག་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ནོར་སྲིད་རང་སྟེང་གི་ཡོང་འབབ་བསྡུར་ཚད་དམའ་ལ་ཐག་གཅོད་ཀྱི་ནུས་པ་ཞན་པས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་མཁཪ་གྱི་འཚོ་བའི་ཆུ་སྙིགས་གཙང་བཅོས་སྒྲིག་ཆས་འཛུགས་སྐྲུན་གྱི་ཚད་གཞི་ལྟོས་བཅས་ཀྱིས་དམའ་བ་དང་། ཕྱོགས་བསྡུས་ནུས་ཤུགས་ཅུང་ཞན་པ་དང་ཆ་སྡེབ་ཀྱི་ཆུ་ལམ་དྲ་རྒྱ་མི་འདང་བ།   ཆུ་བོའི་སྟོད་སྨད་ཀྱི་ཚད་གཞི་མི་མཐུན་པ། ཆར་ཆུག་དང་བཙོག་ཆུ་མི་དགར་བའི་སྣང་ཚུལ་ཅུང་མང་པོ་ཡོད་པ་རེད། དུས་མཚུངས་སུ་མཚོ་སྔོན་གྱི་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་གཙོ་བོ་ས་སྦས་གཙང་བཟོ་བྱེད་ཐབས་ཀྱིས་ཐག་གཅོད་བྱེད་བཞིན་ཡོད་པས། བསྐྱར་དུ་གད་སྙིགས་སྦས་ཡུལ་འདེམས་དཀའ་བ་དང་། ད་ཡོད་ཀྱི་གད་སྙིགས་ར་བར་ས་སྦས་བྱེད་དཀའ་བ་སོགས་ཀྱི་གནད་དོན་མངོན་གསལ་ཡིན།

ཞིབ་པར་བརྗོད་ན། མིག་སྔར་མཚོ་སྔོན་གྱི་བཙོག་ཆུ་གཙང་བཅོས་བྱེད་ཚད་བརྒྱ་ཆའི78.07ལ་ཟིན་པ་དང་། འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གཙང་བཅོས་བྱེད་ཚད་བརྒྱ་ཆའི85.31་ལ་སླེབས་ཡོད། 2020ལོའི་ལོ་མཇུག་ལ་སླེབས་དུས། གྲོང་ཁྱེར་གྱི་བཙོག་ཆུ་གཙང་བཅོས་བྱེད་ཚད་དང་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གཙང་བཅོས་བྱེད་ཚད་གཉིས་ཀ95% སླེབས་པར་ད་དུང་བར་ཁྱད་ཅུང་ཆེན་པོ་ཡོད་པས། འཛུགས་སྐྲུན་གྱི་ལས་འགན་ཧ་ཅང་ལྕི་བ་ཡིན།

དེར་བརྟེན། འཐུས་མི་གཉིས་ཀྱིས་རྒྱལ་ཁབ་རིམ་པས་མ་དངུལ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་སྔར་བས་ཆེ་རུ་གཏོང་དགོས་པའི་གྲོས་གཞི་བཏོན་ལ། ལྷག་པར་དུ་མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཙང་སྒྱུར་སྒྲིག་བཀོད་འཛུགས་སྐྲུན་དང་བསྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དུས་མཚུངས་སུ་ས་མཐོའི་ས་ཁུལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་ཆས་ཀྱི་ཞིབ་འཇུག་གི་ལས་ཀ་དང་། གྲོང་རྡལ་ཆུང་གྲས་དང་འཚམ་པའི་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་ཆས་སྔར་བས་མང་བ་འདོན་སྤྲོད་དང་། ས་མཐོའི་ས་ཁུལ་གྱི་འཚོ་བའི་གད་སྙིགས་གཙང་སེལ་ནུས་པ་ཆེ་རུ་བཏང་སྟེ། འཚོ་བའི་གད་སྙིགས་གནོད་མེད་ཅན་དང་ཐོན་ཁུངས་ཅན། ཚད་འཕྲི་ཅན་དང་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་རམ་འདེགས་ནུས་ལྡན་འདོན་སྤྲོད་བྱེད་དགོས་པའི་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།