ཀྲུང་གོ་བོད་ཀྱི་དྲ་བ།

དགེ་རྒན་གྱིས་སྐད་འཕྲིན་དངQQཡི་ལམ་ནས་སློབ་མར་ལས་བྱ་བཀོད་སྒྲིག་བྱེད་མི་ཆོག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། སྲིད་གྲོས་ཨུ་ཡོན་གྱིས《སློབ་ཆུང་དགེ་རྒན་གྱིས་ལག་ཁྱེར་ཁ་པར་སྟེང་གི་སྐད་འཕྲིན་དངQQསྤྱད་དེ་སློབ་མ་དང་ཁྱིམ་བདག་ལ་ལས་བྱ་བཀོད་སྒྲིག་དང་ཡར་སྤྲོད་བྱེད་པ་གཏན་འགོག་བྱེད་དགོས་པའི་སྐོར་གྱི་གྲོས་གཞི》བཏོན་པར། ད་ལྟ་སློབ་གསོ་པུའུ་ཡིས་ཕྱིར་ལན་སློག

སློབ་གསོ་པུའུ་ཡིས་ཕྱིར་ལན་ཁྲོད་བསྟན་དོན། ལས་བྱ་དག་བཅོས་བྱེད་རྒྱུ་ནི་དགེ་རྒན་གྱིས་སློབ་གསོ་དང་སློབ་ཁྲིད་ཀྱི་ལས་འགན་ལག་བསྟར་བྱེད་པའི་དགོས་ངེས་ཀྱི་ནང་དོན་ཡིན་པ་དང་།འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྟེང་དུའང་དེའི་ཐད་ཀྱི་གཏན་འཁེལ་གསལ་པོ་བྱས་ཡོད།《དགེ་རྒན་བཅའ་ཁྲིམས》ཀྱི་དོན་ཚན7པར།“དགེ་རྒན་ལ་སློབ་མའི་སློབ་སྦྱོང་དང་ཡར་རྒྱས་ལ་མཛུབ་སྟོན་དང་།སློབ་མའི་གཤིས་སྤྱོད་དང་སྦྱང་འབྲས་ལ་དཔྱད་འཇོག་བྱེད་པའི་དབང་ཆ་ཡོད་པ”གཏན་འཁེལ་བྱས་ཡོད་ལ།དོན་ཚན8པའི་ནང་དུ“དགེ་རྒན་གྱིས་ངེས་པར་གདན་ཞུ་སྐབས་ཀྱི་ཁ་ཆད་ལྟར།སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་བའི་ལས་འགན་ལག་བསྟར་བྱེད་དགོས་པ”གཏན་ཁེལ་བྱས་ཡོད།

《འོས་འགན་སློབ་གསོའི་བཅའ་ཁྲིམས》ཀྱི་དོན་ཚན35ཡི་ནང་དུ“སློབ་གྲྭ་དང་དགེ་རྒན་གྱིས་གཏན་འཁེལ་བྱས་ཡོད་པའི་སློབ་གསོ་སློབ་ཁྲིད་ཀྱི་ནང་དོན་དང་སློབ་ཐུན་བཀོད་སྒྲིག་ལྟར་སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་འགུལ་སྤེལ་ཏེ།རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་ཡོད་པའི་གཞི་རྩའི་སྤུས་ཀའི་བླང་བྱ་རུ་སླེབས་པར་ཁག་ཐེག་བྱེད་དགོས་པ”གཏན་འཁེལ་བྱས་ཡོད་པ་དང་།《སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ལས་རིགས་ཀུན་སྤྱོད་ཚད་གཞི》(2008ལོར་བཟོ་བཅོས་བྱས་པ)ཡི་སྟེང་དུ“དགེ་རྒན་གྱིས་རང་གི་བྱ་བར་འགན་འཁྲི་ལེགས་པོ་འཁུར་ཏེ།ནན་ཏན་སྒོས་སློབ་ཁྲིད་གྲ་སྒྲིག་དང་སློབ་ཁྲིད་བྱེད་དགོས་ལ།ལས་བྱར་དག་བཅོས་ནན་ཏན་དང་སློབ་མར་ཟུར་ཁྲིད་ནན་ཏན་བྱེད་དགོས་པ”གཏན་འཁེལ་གསལ་པོ་བྱས་ཡོད།

རྗེས་མར།སློབ་གསོ་པུའུ་ཡིས་དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྲུན་བྱེད་པར་སྔར་ལས་ཤུགས་སྣོན་པ་དང་།དོ་དམ་ལེགས་པོ་བྱས་ཏེ།དགེ་རྒན་དང་སློབ་གསོ།སློབ་ཁྲིད་བཅས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་།དགེ་རྒན་གྱིས་སྐད་འཕྲིན་དངQQསྤྱད་དེ་སློབ་མར་ལས་བྱ་བཀོད་སྒྲིག་བྱེད་མི་ཆོག་པ་དང་།ལས་བྱ་དག་བཅོས་བྱེད་པའི་ལས་འགན་ཁྱིམ་བདག་ལ་སྤྲད་མི་ཆོག་པ་གསལ་པོར་བསྟན་དོན།དེ་ནི“སློབ་གྲྭའི་ཁུར་པོ་ཇེ་ཡང་དང་སྤྱི་ཚོགས་ཀྱི་ཁུར་པོ་ཇེ་ལྗིད་དུ་གཏོང་བ་དང་།དགེ་རྒན་གྱི་ཁུར་པོ་ཇེ་ཡང་དང་ཁྱིམ་བདག་གི་ཁུར་པོ་ཇེ་ལྗིད་དུ་གཏོང་བ”སོགས་ཀྱི་སྣང་ཚུལ་འགོག་ཆེད་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།