ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ནས“ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་བསམ་འཆར་འགའ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2019ལོའི་ཟླ་དང་པོའི་ཚེས3ཉིན།)    

ད་ལོ་དང་སང་ལོ་གཉིས་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་སྐབས་ཤིག་ཡིན་པས། “ཞིང་གསུམ”ཁྱབ་ཁོངས་སུ་ངེས་པར་འགྲུབ་དགོས་པའི་དུས་ཐོག་ལས་འགན་མི་ཉུང་བ་ཞིག་ཡོད། ཏང་ཀྲུང་དབྱང་གི་བསམ་ཚུལ་ལྟར་ན། དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཆེ་རུ་འགྲོ་བ་དང་། ཕྱི་ཕྱོགས་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་པའི་རྙོག་འཛིང་གི་གནས་བབ་འོག “ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབ་པར་དམིགས་བསལ་གྱི་གལ་ཆེན་རང་བཞིན་ལྡན་པས། “ཞིང་གསུམ”གནད་དོན་ཐག་གཅོད་ལེགས་པར་བྱེད་པ་ནི་ཏང་ཡོངས་ཀྱི་བྱ་བ་གལ་ཆེན་ནང་གི་འགངས་ཆེན་དུ་འཇོག་པར་གཡོ་འགུལ་ཐེབས་སུ་མི་འཇུག་པ་ངེས་པར་རྒྱུན་འཁྱོངས་བྱེད་པ་དང་། སྔར་ལས་ལྷག་པར་བསམ་བློ་གཅིག་གྱུར་དང་ཡིད་ཆེས་ཇེ་བརྟན། བྱ་བ་དངོས་འབེབས་བཅས་བྱས་ནས། ཞིང་ལས་དང་ཞིང་སྡེ་གོང་དུ་སྤེལ་བའི་གནས་བབ་ཡག་པོ་ཇེ་བརྟན་དུ་གཏོང་བ་དང་། “ཞིང་གསུམ”གྱི་དཔྱང་རྡོའི་ནུས་པ་འདོན་སྤེལ་བྱས་ཏེ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ནུས་ལྡན་སྒོས་ཁ་གཏད་པའི་རང་འགུལ་བརྩོན་ལེན་བྱེད་པ་དང་། དཔལ་འབྱོར་མུ་རུ་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་པ། ལོ་བརྒྱ་ཕྲག་དང་པོའི་འབད་བརྩོན་དམིགས་འབེན་དུས་ལྟར་མངོན་འགྱུར་བྱེད་པར་རྨང་གཞི་འདིང་དགོས།

“ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབ་པར། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ་དང་དེ་མིན་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་ལག་ལེན་མཐར་ཕྱིན་བྱེད་པ་དང་། “གནས་ལྔ་ཕུང་གཅིག”གི་སྤྱི་ཡོངས་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བྱེད་པ་དང་། “ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་བྱེད་པར་དམ་པོར་དམིགས་ཏེ། བརྟན་བརླིང་ཁྲོད་ཡར་རྒྱས་སུ་འགྲོ་བའི་བྱ་བའི་སྤྱིའི་བྱེད་ཕྱོགས་དམ་པོར་ཁོང་དུ་ཆུད་དགོས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དངོས་འབེབས་བྱས་ཏེ། ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་སུ་གཏོང་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་དེ་གཙོ་བོར་འཛིན་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི “ཞིང་གསུམ”བྱ་བས་ངེས་པར་འགྲུབ་དགོས་པའི་དུས་ཐོག་ལས་འགན་ཚད་གཞིར་འཛིན་པ། རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་ལྡན་པའི་གནས་བབ་འགྱུར་ལྡོག་གིས་ཞིང་སྡེའི་བཅོས་བསྒྱུར་འཕེལ་རྒྱས་ཐད་བཏོན་པའི་བླང་བྱ་གསར་པ་དང་བསྟུན་པ་བཅས་ཀྱིས། གཙོ་གནད་འཛིན་པ་དང་ཞན་ཆ་གསབ་པ། རྨང་གཞི་སྟོབས་ལྡན་དུ་གཏོང་བ་བཅས་བྱེད་དགོས་ལ། “སྲ་བརྟན་དང་ཤུགས་དྲག མཐོར་འདེགས། བདེ་བགྲོད”བཅས་ལ་དམིགས་ནས་ཞིང་ལས་ཀྱི་མཁོ་འདོན་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་བྱེད་དགོས་པ་དང་། དབུལ་ཐར་འགག་སྒྲོལ་ཐད་མཐའ་གཅིག་ཏུ་རྒྱལ་ཁ་བླངས་ཏེ། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱས་ཏེ། 2020ལོའི་བར་དུ་ཁས་ལེན་བྱས་པའི་ཞིང་སྡེའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱེད་དགོས།

དང་པོ། སྟོབས་ཤུགས་གཅིག་སྒྲིལ་གྱིས་གནད་ཁེལ་ཐབས་ཇུས་ལག་བསྟར་བྱས་ཏེ། དབུལ་ཐར་འགག་སྒྲོལ་ཐད་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།

(གཅིག)དབུལ་ཐར་འགག་སྒྲོལ་གྱི་ལས་འགན་ཆད་ལུས་མེད་པར་འགྲུབ་ཏུ་འཇུག་དགོས། དབུལ་ཐར་གྱི་དམིགས་འབེན་དམ་པོར་འཛིན་པ་དང་གཏན་འཁེལ་བྱས་པའི་སྔར་ཡོད་ཀྱི་སྲིད་ཇུས་བཀོད་སྒྲིག་དངོས་འབེབས་བྱེད་དགོས་ཤིང་། 2020ལོའི་བར་དུ་ད་ལྟ་སྤྱོད་བཞིན་པའི་ཚད་གཞི་འོག་གི་ཞིང་སྡེའི་དབུལ་ཕོངས་མི་འབོར་དབུལ་ཐར་བྱེད་པ་མངོན་འགྱུར་དང་། དབུལ་ཕོངས་རྫོང་ཡོངས་ཀྱིས་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་ཕོངས་ཐག་གཅོད་པ་བཅས་ཁག་ཐེག་བྱེད་དགོས། ད་ལྟ་སྤྱོད་བཞིན་པའི་དབུལ་སྐྱོར་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཞིབ་བཤེར་དང“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”མངོན་འགྱུར་བྱེད་པར་ཤུགས་རྐྱེན་ཐེབས་པའི་འབུར་ཐོན་གནད་དོན་ཐག་གཅོད་བྱས་ནས། རྨོངས་ཚོད་ཀྱིས་ཚད་གཞི་ཇེ་མཐོར་གཏོང་བ་དང་། ཧམ་འདོད་ཇེ་ཆེར་གཏོང་བར་སྔོན་འགོག་བྱེད་དགོས་ལ། གྲངས་ཀའི་དབུལ་ཐར་དང་དབུལ་ཐར་རྫུན་མ་གཏན་འགོག་བྱེད་དགོས། དབུལ་ཐར་གྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་དགོས་ཤིང་། སྔར་ལས་ལྷག་པར་དབུལ་ཐར་འགག་སྒྲོལ་གྱི་འགན་འཁྲི་ནན་མོ་བྱས་ཏེ། ཆེས་གཟབ་ནན་གྱི་དཔྱད་ཞིབ་དང་དཔྱད་དཔག་དངོས་འབེབས་བྱེད་དགོས་པ་དང་། གནད་ལ་ཁེལ་བའི་སྒོ་ནས་འགན་འདྲི་ནུས་འདྲི་བྱེད་དགོས། མུ་མཐུད་དུ་ཤར་ཕྱོགས་དང་ནུབ་ཕྱོགས་གཉིས་ཀྱི་དབུལ་སྐྱོར་མཉམ་སྒྲུབ་དང་ཀྲུང་དབྱང་སྡེ་ཁག་གི་གཏན་འཁེལ་ས་གནས་ཀྱི་དབུལ་སྐྱོར་ལ་ཤུགས་སྣོན་དགོས། ཏང་གི་འཛུགས་སྐྲུན་དམ་འཛིན་གྱིས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བྱེད་པ་གཏིང་ཟབ་ཏུ་སྤེལ་དགོས། རྒྱུན་རྣམ་ཅན་གྱི་ཁ་ཏ་སློབ་གསོ་སྤེལ་བ་རྩ་འཛུགས་བྱས་ཏེ། གནད་དོན་རྙེད་ཚེ་དུས་ནམ་ཡིན་ཡང་ཁ་ཏ་སློབ་གསོ་བྱེད་དགོས། དབུལ་ཐར་འགག་སྒྲོལ་གྱི་ཆེད་དམིགས་སྐོར་གཟིགས་གྲུབ་འབྲས་ལེགས་པོར་བཀོལ་ཏེ། དབུལ་ཐར་འགག་སྒྲོལ་གྱི་ཆབ་སྲིད་འགན་འཁྲི་ལ་སྐུལ་འདེད་དང་དངོས་འབེབས་བྱེད་དགོས།

(གཉིས)དབུལ་ནག་ས་ཁུལ་གཙོ་བོར་འཛིན་དགོས། དབུལ་ནག་ས་ཁུལ་གྱི་གནད་ཁེལ་དབུལ་ཐར་ལ་ཚོད་འཛིན་བྱེད་པའི་དཀའ་གནད་དང་གཙོ་གནད་གནད་དོན་ལ་ཁ་གཏད་དེ། རྩིས་ཁྲ་ཞིབ་ཐོ་འགོད་པ་དང་། དོན་ཚན་སོ་སོའི་ལས་འགན་གསལ་པོར་བྱས་ཏེ། རྩིས་བསྡུར་ཐོ་བསུབ་བྱེད་དགོས། བཟོ་འགོད་འཛུགས་སྐྲུན་གྱི་ལས་གཞི་གལ་ཆེན་མུ་མཐུད་དུ་དབུལ་ནག་ས་ཁུལ་ལ་ཁ་ཕྱོགས་དགོས་ཤིང་། ཁྱད་ལྡན་ཐོན་ལས་དབུལ་སྐྱོར་དང་ཡུལ་གཞན་ལ་དབུལ་སྐྱོར་གནས་སྤོ་བྱེད་པ། སྐྱེ་ཁམས་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། སྤྱི་ཚོགས་རོགས་སྐྱོར། ལས་བྱེད་པ་དང་ཤེས་ལྡན་མི་སྣ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་དབུལ་ནག་ས་ཁུལ་ལ་ཁ་ཕྱོགས་དགོས། རིམ་པ་སོ་སོའི་ནོར་སྲིད་ཀྱིས“ལྗོངས་གསུམ་ཁུལ་གསུམ”དབུལ་ཐར་འགག་སྒྲོལ་བྱེད་པ་དམིགས་སུ་བཟུང་ནས་མ་དངུལ་གཏོང་ཚད་ཆེ་རུ་གཏོང་དགོས། “ལྗོངས་གསུམ་ཁུལ་གསུམ”ལས་གཞན་པའི་དབུལ་ཕོངས་མི་འབོར་མང་བ་དང་། དབུལ་ཕོངས་ཀྱི་བྱུང་ཚད་མཐོ་བ། དབུལ་ཐར་གྱི་དཀའ་ཚད་ཆེ་བའི་དབུལ་ནག་ས་ཁུལ་ལའང་མ་དངུལ་དང་ལས་གཞི་གཅིག་གྱུར་འཆར་འགོད་བྱས་ཏེ། རོགས་སྐྱོར་གྱི་ཤུགས་ཚད་ཆེ་རུ་གཏོང་དགོས།

(གསུམ)འབུར་ཐོན་གནད་དོན་ཐག་གཅོད་བྱེད་པར་ཤུགས་འདོན་དགོས། ཡུན་ཕན་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་མཐོང་ཆེན་བྱས་ཏེ། ཐོན་སྐྱེད་དང་ཕྱིར་ཚོང་ཁ་བྲལ་བ་དང་། ཉེན་ཁའི་འགན་སྲུང་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་ཤུགས་བཏོན་ཏེ། དབུལ་ཕོངས་མི་འབོར་ནང་དུ་ཞུགས་ཚད་དང་ཐད་ཀར་ཁེ་དབང་རེག་པའི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས། ཡུལ་གཞན་ལ་དབུལ་སྐྱོར་གནས་སྤོ་བྱས་རྗེས་ཀྱི་རྗེས་མཐུད་བྱེད་ཐབས་ཤུགས་ཆེར་བཏང་སྟེ། གནས་སྤོར་མཐོང་ཆེན་བྱེད་ཀྱང་རྗེས་མཐུད་ཀྱི་རོགས་སྐྱོར་ལ་མཐོང་ཆེན་མི་བྱེད་པའི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱས་ཏེ། ཁྱིམ་ཚང་གཅིག་གནས་སྤོ་བྱས་ན། ཁྱིམ་ཚང་གཅིག་བརྟན་འཇགས་ངང་དབུལ་ཐར་བྱེད་པར་ཁག་ཐེག་བྱེད་དགོས། དབུལ་ཕོངས་ས་ཁུལ་གྱི་འོས་འགན་སློབ་གསོའི་བྱོལ་འགོག་སློབ་སྲུང་ལ་འགན་སྲུང་བྱེད་པར་ཤུགས་བསྣན་ནས། དབུལ་པོའི་དབང་གིས་སློབ་ཤོར་དང་སློབ་བྱོལ་བྱེད་པ་སྔོན་འགོག་བྱེད་དགོས། གཞི་རྩའི་སྨན་བཅོས་ཉེན་འགོག་དང་ནད་ལྗིད་མོ་ཉེན་འགོག སྨན་བཅོས་རོགས་སྐྱོབ་སོགས་ཀྱི་འགན་སྲུང་བྱེད་ཐབས་སྣ་མང་དངོས་འབེབས་བྱས་ཏེ། གྲོང་གསེབ་ཀྱི་འཕྲོད་བསྟེན་ཞབས་ཞུའི་དྲ་མཐིལ་ཇེ་བརྟན་དུ་བཏང་སྟེ། དབུལ་ཕོངས་མི་འབོར་གྱི་གཞི་རྩའི་སྨན་བཅོས་དགོས་མཁོ་འགན་སྲུང་བྱེད་དགོས། སྐྱེ་ཁམས་དབུལ་སྐྱོར་ལ་ཏན་ཏིག་གིས་སྐུལ་འདེད་བྱས་ཏེ། དབུལ་སྐྱོར་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་ཕན་ཚུན་མཐུན་སྦྱོར་ཡོང་བར་སྐུལ་སྤེལ་བྱེད་དགོས། དབུལ་སྐྱོར་བྱེད་པ་དེ་བློ་དང་རིག་པའི་དབུལ་སྐྱོར་བྱེད་པ་དང་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱས་ཏེ། དབུལ་ཕོངས་ས་ཁུལ་གྱི་ལས་རིགས་སློབ་གསོ་དང་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། གསར་སྤེལ་རང་བཞིན་གྱི་དབུལ་སྐྱོར་དང་འགན་སྲུང་རང་བཞིན་གྱི་དབུལ་སྐྱོར་གཅིག་གྱུར་འཆར་འགོད་དང་འབྲེལ་མཐུད་བྱེད་པར་ཤུགས་བསྣན་ཏེ། “མཐའ་སྐྱོང་ཙམ་གྱིས་ཆོག་པ”དང་དབུལ་ཕོངས་མི་འབོར་འགའ་ཤས་ཀྱིས་སྒུག་བརྟེན་ལེན་གསུམ་བྱེད་པའི་གནད་དོན་ཤུགས་ཆེན་པོས་ཐག་བཅད་དེ། དབུལ་ཕོངས་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་དང་རང་ཉིད་འཕེལ་རྒྱས་ཀྱི་ནུས་པ་ཤུགས་ཆེར་གཏོང་དགོས། ལས་ཡུལ་དང་པོའི་གནད་ཁེལ་རོགས་སྐྱོར་སྟོབས་ཤུགས་ལ་དངོས་གནས་ཤུགས་བསྣན་ཏེ། སྡེ་སྡོད་བྱ་བའི་རུ་ཁག་སྟོབས་དང་ལྡན་པ་ལེགས་འདེམ་བྱེད་དགོས། དབུལ་སྐྱོར་ལས་བྱེད་པར་སེམས་ཁུར་དང་བྱམས་སྐྱོང་བྱེད་པ་དང་། བྱ་བར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། དངོས་ཡོད་དཀའ་ཁག་ཐག་གཅོད་བྱེད་རོགས་བྱེད་པ་དང་། འབྱུང་འགྱུར་གྱི་སེམས་ཁྲལ་མེད་པར་བྱེད་དགོས། མུ་མཐུད་དུ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ལ་ཆེད་དམིགས་བཅོས་སྐྱོང་བྱས་ཏེ། རྫུན་ཞུ་གཡོ་ལེན་དང་རྔམ་འཛིན་སྒེར་སྤྱོད། ཉེ་དགའ་ཕྱོགས་ཞེན། ཟ་ལེན་འགོག་སློང་སོགས་ཀྱི་གནད་དོན་རྩད་གཅོད་ནན་མོ་བྱེད་དགོས།

(བཞི)དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་ཇེ་བརྟན་དང་རྒྱ་བསྐྱེད་དགོས། འགག་སྒྲོལ་དུས་རིམ་ནང་དུ་དབུལ་ཕོངས་རྫོང་དང་དབུལ་ཕོངས་སྡེ་བ། དབུལ་ཕོངས་མི་འབོར་བཅས་དབུལ་ཕོངས་ལས་ཐར་རྗེས། འབྲེལ་ཡོད་ཀྱི་དབུལ་སྐྱོར་སྲིད་ཇུས་བརྟན་འཇགས་ཡིན་པ་སྲུང་འཛིན་བྱས་ཏེ། དབུལ་ཕོངས་མི་འབོར་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་ཇེ་ཉུང་དུ་གཏོང་བ་དང་སྔོན་འགོག་བྱེད་དགོས། ཡོང་སྒོའི་ཆུ་ཚད་དེ་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལས་ཅུང་མཐོ་བའི་མང་ཚོགས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དཀོན་པ་སོགས་ཀྱི་གནད་དོན་གསར་པར་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། དབུལ་ཐར་འགག་སྒྲོལ་ཁྲོད་ཀྱི་ཉམས་མྱོང་ལེགས་པོ་དང་སྒྲུབ་ཐབས་ལེགས་པོ། ལམ་བུ་ལེགས་པོ་རྒྱུན་འཁྱོངས་དང་ཁྱབ་སྤེལ་བྱེད་དགོས། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་གྱི་འབྲེལ་མཐུད་བྱ་བ་ལེགས་པོར་བསྒྲུབས་ཏེ། ཞྭ་མོ་ཕུད་རྗེས་ཀྱི་དབུལ་ཕོངས་རྫོང་ལ་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱེད་པ་བརྒྱུད་དེ་འཕེལ་རྒྱས་གྲུབ་འབྲས་ཇེ་བརྟན་དུ་གཏོང་བ་དང་། མུ་མཐུད་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས། དབུལ་ཐར་འགག་སྒྲོལ་གྱི་ལག་ལེན་གསར་གཏོད་དང་རླབས་ཆེའི་སྙིང་སྟོབས་ཕྱོགས་སྡོམ་བྱེད་དགོས། 2020ལོར་དབུལ་ཐར་འགག་སྒྲོལ་གྱི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱུང་རྗེས་ཀྱི་འཐབ་ཇུས་བསམ་ཕྱོགས་ལ་སྔ་མོ་ནས་འཆར་འགོད་བྱེད་དགོས།

གཉིས་པ། ཞིང་ལས་ཀྱི་རྨང་གཞི་བརྟན་པོར་བཙུགས་ཏེ། ཞིང་ལས་ཐོན་རྫས་གཙོ་བོ་ནུས་ལྡན་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་དགོས།

(གཅིག)འབྲུ་རིགས་ཀྱི་ཐོན་ཚད་ཇེ་བརྟན་དུ་གཏོང་དགོས། ལྷོད་གཡེང་ཅི་ཡང་མེད་པར་འབྲུ་རིགས་ཐོན་སྐྱེད་ལེགས་པོར་བཟུང་སྟེ། འབྲུ་རིགས་ཀྱི་ཐོན་ཚད་སར་བརྟེན་པ་དང་འབྲུ་རིགས་ཐོན་སྐྱེད་ལག་རྩལ་ལ་བརྟེན་པ་དངོས་འབེབས་དོན་འཁྱོལ་ཡོང་བར་སྐུལ་འདེད་བྱས་ཏེ། འབྲུ་རིགས་ཀྱི་སོན་འདེབས་རྒྱ་ཁྱོན་མུའུ་དུང་ཕྱུར16.5རུ་བརྟན་པོ་ཡིན་པ་ཁག་ཐེག་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་བྱེད་སྟངས་བརྟན་པོ་དང་འཐུས་ཚང་དུ་བཏང་ནས། ས་བོན་དང་ལག་རྩལ། གནོད་འཕྲི་སོགས་ཀྱི་ཐོན་ཚད་བརྟན་པོ་དང་ཐོན་སྤེལ་གྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱས་ཏེ། ཞིང་པའི་སོན་འདེབས་ཀྱི་གཞི་རྩའི་ཡོང་འབབ་ཁག་ཐེག་བྱེད་དགོས། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ལེགས་ཆ་འདོན་སྤེལ་བྱས་ཏེ། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། འབྲུ་རིགས་ཐོན་ཚད་མང་པོའི་རྫོང་གི་བྱ་དགའ་དང་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཚོང་ཁུལ་གཙོ་བོ་དང་ཐོན་ཚོང་དོ་མཉམ་ཁུལ་གཉིས་ཀྱི་འབྲུ་རིགས་ཐོན་སྐྱེད་བརྟན་འཇགས་ཡིན་པའི་འགན་འཁྲི་ནན་མོ་བྱེད་དགོས། མ་མཐའི་ས་ཞིང་མུའུ་དུང་ཕྱུར18ནམ་ཡང་དམ་སྲུང་བྱེད་པ་དང་། ཕྱོགས་ཡོངས་ནས་ཡུན་རིང་གཞི་རྩའི་ས་ཞིང་གི་དམིགས་བསལ་སྲུང་སྐྱོབ་ལམ་ལུགས་དངོས་འབེབས་བྱས་ཏེ། གཞི་རྩའི་ས་ཞིང་དེ་མུའུ་དུང་ཕྱུར15.46ཡན་ནམ་ཡང་སྲུང་འཛིན་བྱེད་པ་ཁག་ཐེག་བྱེད་དགོས། དེང་རབས་གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་འདེགས་ཞུ་བའི་མ་ལག་འཛུགས་སྐྲུན་བྱེད་དགོས། འབྲུ་རིགས་བདེ་འཇགས་ཀྱི་ཧྲེང་ཀྲང་གི་འགན་འཁྲི་ལམ་ལུགས་དཔྱད་ཞིབ་ཤུགས་ཆེར་གཏོང་དགོས།

(གཉིས)ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལས་འགན་འགྲུབ་ཏུ་འཇུག་དགོས། འབྲུ་རིགས་ཐོན་སྐྱེད་ནུས་པ་ཇེ་བརྟན་དང་མཐོར་འདེགས་སུ་བཏང་སྟེ། 2020ལོའི་བར་དུ་མུའུ་དུང་ཕྱུར8ཀྱི་ཚད་གཞི་མཐོ་བའི་ས་ཞིང་འགྲུབ་པར་ཁག་ཐེག་བྱེད་དགོས། རྒྱལ་ཡོངས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་སྤྱི་ཡོངས་འཆར་འགོད་བཟོ་བཅོས་བསྡུ་སྒྲིག་བྱས་ཏེ། འཆར་གཞི་བཀོད་སྒྲིག་དང་འཛུགས་སྐྲུན་གྱི་ཚད་གཞི། རྩ་འཛུགས་ལག་བསྟར། རྩིས་ལེན་དཔྱད་ཞིབ། འཆར་འགོད་མཛོད་འཇུག་བཅས་གཅིག་གྱུར་བྱེད་དགོས། མ་དངུལ་ཧྲག་སྡེབ་ལ་ཤུགས་བསྣན་ཏེ། མ་འཇོག་དང་དངུལ་བསྲེའི་མ་དཔེ་གསར་གཏོད་བྱེད་པ་དང་། མ་དངུལ་བསྡུ་བའི་ནང་རྐྱེན་སྣ་མང་འཛུགས་དགོས། ས་ཁོངས་ཅན་གྱི་སྤྱི་ཡོངས་འཛུགས་སྐྲུན་ལག་བསྟར་བྱས་ཏེ། ཞིང་ཆུ་ནགས་གསུམ་དང་ལམ་གློག་བཅས་ཀྱི་ཕྱོགས་བསྡུས་ཆ་སྡེབ་ལ་སྐུལ་འདེད་བྱེད་པ་དང་། ནུས་མཐོའི་ཆུ་བེད་གྲོན་ཆུང་གི་ཞིང་ཆུ་གཏོང་བ་དུས་མཉམ་དུ་འཕེལ་རྒྱས་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་བྱེད་ནུས་ཁུལ་དང་ཞིང་ལས་ཐོན་རྫས་ཐོན་སྐྱེད་སྲུང་སྐྱོབ་ཁུལ་གཙོ་བོའི་དབྱེ་འབྱེད་གཏན་འབེབས་ལས་འགན་ཕྱོགས་ཡོངས་ནས་འགྲུབ་ཏུ་བཅུག་སྟེ། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་ལས་གཞི་དམིགས་སུ་བཟུང་ནས“ཁུལ་གཉིས”ཀྱི་ཕྱོགས་སུ་བཀོད་སྒྲིག་བྱེད་དགོས། ཞིན་ཅང་གི་སྤུས་ལེགས་ཤིང་བལ་གྱི་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བསྐྱར་གསོ་དང་མགོ་བརྩམས་ཏེ། མངར་ཆའི་རྒྱུ་ཆ་བུ་རམ་གྱི“མཐོ་བ་གཉིས”ཀྱི་རྟེན་གཞི་འཛུགས་སྐྲུན་གྱི་ཁྱབ་ཁོངས་དབྱེ་འབྱེད་གཏན་འབེབས་བྱས་པའི་སྲུང་སྐྱོབ་ཁུལ་ཡོངས་རྫོགས་ལ་ཁེབས་པར་བྱེད་དགོས། སྔར་ལས་ལྷག་པར་ས་ཞིང་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞིང་ཆུ་འདྲེན་ཡུལ་ཆེ་འབྲིང་རིགས་ལ་མུ་མཐུད་དུ་ཆུ་བེད་གྲོན་ཆུང་སྒྲིག་བཀོད་ཆ་སྡེབ་བསྒྱུར་བཀོད་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བྱེད་དགོས། བྱང་ཤར་གྱི་ས་ནག་ཞིང་ས་སྲུང་སྐྱོབ་བྱེད་པའི་ཤུགས་ཚད་ཆེ་རུ་གཏོང་དགོས། ཀྲུང་ཧྭ་བྱང་རྒྱུད་ཀྱི་ས་འོག་ཆུ་བླངས་པ་ཚད་ལས་བརྒལ་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དགོས། ལྕགས་རིགས་ལྗིད་གྲས་ཀྱི་སྦགས་བཙོག་ས་ཞིང་བཅོས་སྐྱོང་ཉམས་གསོ་དང་འདེབས་འཛུགས་སྒྲིག་གཞི་ལེགས་སྒྲིག་གི་ཚོད་ལྟ་བྱེད་གནས་ལ་སྐུལ་འདེད་བྱེད་དགོས།

(གསུམ) ཞིང་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་དགོས།ནུས་ཤུགས་གང་ཡོད་ཀྱིས་དཀོན་པོ་ཡིན་པ་དང་ལྷད་མེད་པའི་སྤུས་ལེགས་ཞིང་ལས་ཐོན་རྫས་ཐོན་སྐྱེད་འཕེལ་རྒྱས་བཏང་སྟེ།ཞིང་ལས་དེ་ཐོན་སྐྱེད་མང་པོར་ཁྲིད་སྟོན་བྱེད་པ་ནས་སྤུས་ཀ་མཐོར་འདེགས་ལ་ཁྲིད་སྟོན་བྱེད་པའི་ཕྱོགས་སུ་འགྱུར་བར་སྐུལ་འདེད་བྱེད་དགོས།སྤུས་ལེགས་འབྲུ་རིགས་ཀྱི་བཟོ་འགོད་ལ་སྐུལ་འདེད་གཏིང་ཟབ་བྱེད་དགོས། སྲན་ཆེན་དར་སྤེལ་འཆར་གཞི་ལག་བསྟར་བྱས་ཏེ། ཐབས་ལམ་སྣ་མང་ལ་བརྟེན་ནས་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་གཏོང་དགོས་པ་དང་། འབྲི་ཆུའི་འབབ་རྒྱུད་ས་ཁོངས་ཀྱི་ལོག་དཀར་ཐོན་སྐྱེད་ལ་རྒྱབ་སྐྱོར་དང་། ཐོན་རྫས་གསར་པ་དང་ལག་རྩལ་གསར་པའི་དཔེ་སྟོན་ཁྱབ་སྤེལ་དང་གོ་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་འགྱུར་བར་སྐུལ་འདེད་བྱེད་དགོས། ཤིང་ཐོན་སྣུམ་རྒྱུ་ཧུར་ཐག་གིས་འཕེལ་རྒྱས་གཏོང་དགོས། འོ་ལས་དར་སྤེལ་འགུལ་སྐྱོད་ལག་ཏུ་བསྟར་ཏེ། སྤུས་ལེགས་འོ་མའི་ཐོན་ཁུངས་ཀྱི་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། བཞོན་མ་གསོ་སྤེལ་ར་བ་ཆུང་འབྲིང་ལ་རིམ་སྤར་ལེགས་བཅོས་བྱེད་པ་དང་།བྱིས་པའི་སྡེབ་སྦྱོར་འོ་ཕྱེ་མཐོར་འདེགས་གཏོང་བའི་འགུལ་སྐྱོད་ལག་བསྟར་བྱེད་དགོས། འབྲུ་རིགས་དང་དཔལ་འབྱོར་གཟན་ཆག་གསུམ་གྱི་གྲུབ་ཚུལ་སྙོམ་སྒྲིག་འོས་འཚམ་བྱེད་དགོས་པ་དང་། མ་རྨོས་ལོ་ཏོག་གསོག་ཉར་དང་འབུ་སུ་ཧང་སོགས་སྤུས་ལེགས་གཟན་རྩྭའི་རྒྱུ་ཆ་ཐོན་སྐྱེད་འཕེལ་རྒྱས་གཏོང་དགོས། སྐམ་སའི་ཆུ་ཁོངས་ཀྱི་གསོ་སྤེལ་རྒྱ་ཁྱོན་གཏན་འཁེལ་འོས་འཚམ་དང་། མཚོ་འགྲམ་དང་། མཚེའུ་ཆུ་མཛོད་དུ་ཚད་ལས་བརྒལ་ནས་གསོ་སྤེལ་བྱེད་པ་ཉུང་འཕྲི་བྱས་ཏེ། རྒྱ་མཚོའི་ཕྱུགས་ར་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས་པ་དང་། འོས་ཤིང་འཚམ་ལ་གོ་རིམ་ལྡན་པའི་ངང་ནས་རྒྱང་རིང་རྒྱ་མཚོའི་ཉ་ལས་འཕེལ་རྒྱས་གཏོང་དགོས། གཙང་པོ་དང་མཚེའུ། མཚོ་མོའི་ཉེ་འགྲམ་གྱི་ཉ་འཛིན་ཚད་ཇེ་དམའ་རུ་གཏོང་དགོས་པ་དང་། འབྲི་ཆུའི་ཆུ་སྐྱེས་སྐྱེ་དངོས་སྲུང་སྐྱོབ་ཁུལ་དུ་ཉ་འཛིན་པ་གཏན་འགོག་བྱ་རྒྱུ་ཁྱོན་ཡོངས་ནས་ལག་ཏུ་བསྟར་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་འགན་སྲུང་བྱེད་པའི་བཟོ་འགོད་ལག་ཏུ་བསྟར་ཏེ། ལྟ་སྐུལ་དོ་དམ་མ་ལག་དང་། ལྟ་ཞིབ་ཚད་ལེན་མ་ལག ཁུངས་འདེད་མ་ལག་བཅས་འཐུས་ཚང་དུ་གཏོང་དགོས། གླིང་ཆེན་ཨ་ཧྥེ་རི་ཁའི་ཕག་གི་རིམས་ནད་སོགས་སྲོག་ཆགས་ཀྱི་རིམས་ནད་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་པ་དང་། སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ནས། ཐོན་ལས་བདེ་འཇགས་ཡོང་བ་ཁག་ཐེག་བྱེད་དགོས།

(བཞི)ཞིང་ལས་ཀྱི་གནད་འགག་སྲོག་ཤིང་ལག་རྩལ་མགྱོགས་མྱུར་ངང་ཐོད་བརྒལ་འབྱུང་དགོས། གསར་གཏོད་སྐུལ་སྤེལ་འཕེལ་རྒྱས་ཇེ་དྲག་ཏུ་བཏང་ནས། ཞིང་ལས་ཀྱི་གནད་འགག་སྲོག་ཤིང་ལག་རྩལ་འགག་སྒྲོལ་འགུལ་སྐྱོད་ལག་བསྟར་དང་། ཞིང་ལས་འཐབ་ཇུས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཁག་གཅིག་གསོ་སྐྱོང་བྱེད་པ་དང་། སྐྱེ་དངོས་འདེབས་འཛུགས་ལས་རིགས་དང་། ཞིང་ལས་འཕྲུལ་ཆས་ཆེ་གྲས། ཤེས་ལྡན་ཞིང་ལས། ལྗང་མདོག་འབྲུ་རིགས་ཐོན་སྐྱེད་ཐད་ཀྱི་སྤྱོད་རྫས་སོགས་ཀྱི་ཁྱབ་ཁོངས་སུ་རང་བདག་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་ལས་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་སོགས་ཚན་རྩལ་གསར་གཏོད་སྟེགས་བུའི་རྟེན་གཞི་བཙུགས་ཏེ། ཐོན་སྐྱེད་དང་སློབ་སྦྱོང་ཚན་རིག་ཞིབ་འཇུག་བཅས་མཉམ་འདྲེས་གཏིང་ཟབ་ཡིན་པའི་སྟེགས་བུ་བསྐྲུན་ནས། རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་ལག་རྩལ་མ་ལག་དང་། ཚན་རྩལ་གསར་གཏོད་མནའ་འབྲེལ། ཐོན་ལས་གསར་གཏོད་ལྟེ་གནས། མཐོ་གསར་ལག་རྩལ་ཐོན་ལས་དཔེ་སྟོན་ཁུལ། ཚན་རྩལ་གླིང་ཁུལ་སོགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཁེ་ལས་ཀྱི་ལག་རྩལ་གསར་གཏོད་བྱེད་པའི་གཙོ་གཞིའི་གོ་གནས་ཇེ་དྲག་ཏུ་བཏང་ནས། ཞིང་ལས་ཚན་རྩལ་གསར་གཏོད་ཅན་གྱི་ཁེ་ལས་གསོ་སྐྱོང་དང་། ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱིས་སྣེ་ཁྲིད་དེ་ལག་རྩལ་གསར་གཏོད་ལས་གཞི་ལག་ཏུ་བསྟར་བར་རྒྱབ་སྐྱོར་བྱེད་དགོས། མུ་མཐུད་དུ་ཆུ་འབྲས་དང་གྲོ། མ་རྨོས་ལོ་ཏོག སྲན་ཆེན་དང་རྒྱུད་བཟང་སྒོ་ཕྱུགས་དང་ཁྱིམ་བྱ་མཉམ་འབྲེལ་འགག་སྒྲོལ་བྱ་རྒྱུ་རྩ་འཛུགས་དང་ལག་བསྟར་བྱས་ཏེ། སྤུས་ལེགས་རྩྭ་རིགས་གདམ་གསོ་དང་ཁྱབ་སྤེལ་གཏོང་ཚད་ཇེ་མགྱོགས་སུ་གཏོང་དགོས། གཉོམ་སའི་ལས་རིམ་ལ་སྤྱོད་གོ་ཆོད་པའི་ཞིང་ལས་འཕྲུལ་ཆས་ཞིབ་འཇུག་དང་གསར་སྤེལ་བྱེད་པར་རྒྱབ་སྐྱོར་དང་། ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཐོན་ལས་ཀྱི་རིམ་སྤར་ལེགས་སྒྱུར་ལ་སྐུལ་འདེད་དང་། ཞིང་ལས་འཕྲུལ་ཆས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་བྱེད་དགོས། ཞིང་ལས་ཁྱབ་ཁོངས་ཀྱི་ཤེས་བྱའི་བདག་དབང་གསར་གཏོད་དང་བཀོལ་སྤྱོད་ལ་ཤུགས་སྣོན་དགོས། སྔོན་ཐོན་དངོས་བཀོལ་ལག་རྩལ་འདུས་གྲུབ་གསར་གཏོད་དང་ཁྱབ་གདལ་བཀོལ་སྤྱོད་ཇེ་མགྱོགས་སུ་གཏོང་དགོས། ཞིང་ལས་ཚན་ཞིབ་གྲུབ་འབྲས་ཀྱི་ཐོན་དབང་ལམ་ལུགས་བཙུགས་ཤིང་འཐུས་ཚང་དུ་བཏང་སྟེ། ཚན་རྩལ་གསར་གཏོད་མི་སྣར་ཚན་རྩལ་གྲུབ་འབྲས་ཀྱི་བདག་དབང་སྤྲོད་དགོས་པ་དང་། འཇོན་མི་དཔྱད་འདེམ་དང་འཁོར་སྐྱོད་འགན་སྲུང་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ལས་འགན་གཅིག་ལྕོགས་དང་ཞོར་འབབ་ཡོད་པ། གྲུབ་འབྲས་དང་ཁེ་ཕན་བགོ་བཤའ་རྒྱག་པའི་སྲིད་ཇུས་དངོས་འབེབས་བྱེད་དགོས།

(ལྔ)ཞིང་ལས་ཐོན་རྫས་གལ་ཆེན་ལ་འགན་སྲུང་ཡོད་པའི་འཐབ་ཇུས་ལག་ཏུ་བསྟར་དགོས། རྩེ་གྲས་ཇུས་འགོད་དང་མ་ལག་འཆར་འགོད་ལ་ཤུགས་སྣོན་དང་། རྒྱལ་ནང་ལ་རྐང་བཙུགས་ཏེ་འབྲུ་རིགས་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་མཁོ་འདོན་ལ་འགན་སྲུང་ཡོད་དགོས་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་ཁྲོམ་ར་གཉིས་ཀ་དང་ཐོན་ཁུངས་གཉིས་ཀ་གཅིག་གྱུར་གྱིས་བེད་སྤྱོད་ལེགས་པོ་བྱས་ཏེ། རྒྱལ་ནང་གི་ཞིང་ལས་ཐོན་རྫས་གཙོ་བོའི་འགན་སྲུང་ཆུ་ཚད་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་ཡང་དག་བྱེད་པ་དང་། འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། རྒྱལ་ནང་གི་བདེ་འཇགས་འགན་སྲུང་ནུས་པ་མཐོར་འདེགས་གཏོང་དགོས། འབྲས་དང་གྲོ་ལ་ངེས་པར་འགན་སྲུང་བྱེད་དགོས་པའི་ཐོན་རྫས་སུ་བརྩི་བ་དང་། མ་རྨོས་ལོ་ཏོག་གི་ཐོན་སྐྱེད་བརྟན་འཇགས་བྱས་ཏེ།འབྲུ་རིགས་ཀྱིས་གཞི་རྩའི་སྟེང་རང་ཁ་རང་གསོ་བྱེད་ཐུབ་པ་དང་། བཟའ་འབྲུ་ངེས་པར་བདེ་འཇགས་ཡིན་པར་ཁག་ཐེག་བྱེད་དགོས། འབྲུ་རིགས་བདེ་འཇགས་འགན་སྲུང་བཅའ་ཁྲིམས་ནང་འགོད་པར་མྱུར་དུ་སྐུལ་འདེད་བྱེད་དགོས། སྤུས་མཐོ་ཕན་འཕར་གྱི་རྨང་གཞིའི་སྟེང་། སྲིང་བལ་དང་། སྣུམ་རྒྱུ། ཀ་རའི་རྒྱུ་ཆ། རང་བྱུང་འགྱིག་གི་ཐོན་སྐྱེད་ནུས་པ་བརྟན་འཇགས་ངང་མཐོར་འདེགས་སུ་གཏོང་དགོས།ཞིང་ལས་ཕྱི་རུ་བསྐྱོད་པར་སྐུལ་འདེད་མགྱོགས་པོ་གཏོང་དགོས་པར་མ་ཟད་རྒྱབ་སྐྱོར་བྱེད་དགོས་ལ། “རྒྱུད་གཅིག་ལམ་གཅིག”གི་ཞིང་ལས་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་དང་། རྒྱལ་ནང་དུ་དཀོན་པའི་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་ཚད་རང་འགུལ་གྱིས་རྒྱ་བསྐྱེད་དགོས་པ་དང་།སྣ་མང་རང་བཞིན་གྱི་ནང་འདྲེན་བརྒྱུད་ལམ་རྒྱ་བསྐྱེད་དང་། རྒྱལ་ཁོངས་ལས་བརྒལ་བའི་ཞིང་ལས་ཁེ་ལས་སྡེ་ཚོགས་ཁག་ཅིག་གསོ་སྐྱོང་བྱས་ཏེ། ཞིང་ལས་ཐད་ཕྱི་ལ་མཉམ་ལས་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཤིང་། ཞིང་ལས་ཐོན་རྫས་ལྐོག་འདྲེན་བྱེད་པར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

གསུམ་པ། གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བྱས་ཏེ། ཞིང་སྡེའི་མི་སྡོད་ཁོར་ཡུག་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་མྱུར་དུ་ཁ་གསབ་བྱེད་དགོས།

(གཅིག)ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་གི་ལོ་གསུམ་འགུལ་སྐྱོད་དམ་འཛིན་ཡག་པོ་བྱེད་དགོས། ཀྲེ་ཅང་གི“སྟོང་སྡེའི་དཔེ་སྟོན་དང་། ཁྲི་སྡེའི་དག་ཐེར་བཅོས་སྐྱོང”གི་བཟོ་འགོད་ཉམས་མྱོང་ལ་སློབ་སྦྱོང་གཏིང་ཟབ་དང་ཁྱབ་སྤེལ་གཏོང་དགོས་པ་དང་། ཞིང་སྡེའི་གད་སྙིགས་བཙོག་ཆུ་བཅོས་སྐྱོང་དང་། སྤྱོད་ཁང་གསར་བརྗེ་དང་ཞིང་སྡེའི་རྣམ་པ་མཐོར་འདེགས་གཏོང་བ་གཙོ་གནད་དུ་འཛིན་པའི་ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་ཁྱོན་ཡོངས་ནས་སྤེལ་ཏེ། 2020ལོར་སླེབས་པ་ན་ཞིང་སྡེའི་མི་སྡོད་ཁོར་ཡུག་ལ་དུས་རིམ་རང་བཞིན་གྱི་ལེགས་བཅོས་མངོན་གསལ་འབྱུང་བར་ཁག་ཐེག་བྱེད་དགོས་པ་དང་། གྲོང་སྡེའི་ཁོར་ཡུག་གཞི་རྩའི་ཐོག་གཙང་དག་དང་དག་ཐེར་བཅོས་སྐྱོང་ལ་གོ་རིམ་ཡོད་པ། སྡེ་དམངས་ཀྱི་ཁོར་ཡུག་དང་བདེ་ཐང་འདུ་ཤེས་ཡོངས་ཁྱབ་ཀྱིས་ཇེ་དྲག་ཏུ་གཏོང་དགོས། ས་ཆ་སོ་སོས་དོན་དངོས་ལ་རྐང་འཛུགས་པ་དང་། ཡུལ་བབ་དང་བསྟུན་ཏེ། འོས་འཚམ་ངང་ལས་སླ་སྤྱོད་བདེ་དང་། ཡུན་རིང་ཕན་པ་ཡོད་པའི་དག་ཐེར་བཅོས་སྐྱོང་གི་རྣམ་པ་གདམ་གསེས་བྱེད་པར་སྐུལ་མ་བཏང་སྟེ། གཅིག་བསྡུས་ཀྱིས་ལག་རྩལ་གནད་དོན་སེལ་དགོས། ས་གནས་གཙོ་བོར་འཇོག་པ་དང་། ཀྲུང་དབྱང་གིས་རོགས་སྐྱོར་བྱེད་པའི་སྲིད་གཞུང་གི་དངུལ་གཏོང་ནང་རྐྱེན་འཛུགས་དགོས། ཀྲུང་དབྱང་ནོར་སྲིད་ཀྱིས་ཞིང་སྡེའི་སྤྱོད་ཁང་གསར་བརྗེ་བྱེད་པ་དེ་སྡེ་བ་ཡོངས་སུ་ཁྱབ་གདལ་དུ་གཏོང་བ་སོགས་ལ་ཁ་གསབ་སྟེར་བ་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱས་པ་སྔོན་ཐོན་ཡིན་པའི་རྫོང་ལ་བྱ་དགའ་སྟེར་རྒྱུ། ཀྲུང་དབྱང་གི་སྔོན་རྩིས་ནང་བཞག་པའི་དངུལ་གཏོང་བཀོད་སྒྲིག་ཆེད་དོན་མ་དངུལ་གྱིས་ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་དགོས། རྫོང་རིམ་པས་གཏན་འབེབས་ལྟར་འབྲེལ་ཡོད་མ་དངུལ་གཅིག་གྱུར་སྡུད་སྒྲིག་བྱས་ཏེ། ཞིང་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པར་གཅིག་བསྡུས་ཀྱིས་བེད་སྤྱོད་བྱེད་ཆོག སྤྱི་ཚོགས་སྟོབས་ཤུགས་ཧུར་ཐག་གིས་ཞུགས་པར་སྐུལ་ལྕག་བྱེད་པ་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་དང་གྲོང་གསེབ་སྤྲོ་གསེང་ཡུལ་སྐོར་འཕེལ་རྒྱས་གཏོང་བ་སོགས་ཟུང་འབྲེལ་དམ་པོ་བྱེད་དགོས། གྲོང་སྡེ་གཙང་བཟོའི་འགུལ་སྐྱོད་རྒྱ་ཆེར་སྤེལ་དགོས། མཛེས་སྡུག་སྡོད་འོས་ཀྱི་གྲོང་སྡེ་དང་ཆེས་མཛེས་པའི་ར་སྐོར་གསར་སྐྲུན་བྱེད་པའི་བྱ་འགུལ་སྤེལ་དགོས། ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་བྱ་བ་དེ་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་དང་ཕན་ཚུན་མཐུན་པོ་བྱེད་པ་དང་། ས་དེའི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཕན་ཚུན་མཐུན་པོ་བྱས་ཏེ། དངོས་ཕན་ལ་དང་དོད་དང་ཕྱི་ཚུལ་ཙམ་གྱི་བྱ་བ་བསྒྲུབ་པར་སྔོན་འགོག་བྱེད་དགོས།

(གཉིས།)ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཟོ་འགོད་ལག་ཏུ་བསྟར་དགོས། ཞིང་སྡེའི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་འདེགས་གཏོང་བའི་བཟོ་འགོད་ལ་སྐུལ་འདེད་བཏང་ནས། ཞིང་སྡེའི་འཐུང་ཆུའི་ཆུ་ཁོངས་སྲུང་སྐྱོབ་ལ་ཤུགས་སྣོན་དང་། ཞིང་སྡེའི“འཐུང་ཆུ་དཀོན་པ”དང་འཐུང་ཆུ་བདེ་འཇགས་མིན་པའི་གནད་དོན་མྱུར་དུ་ཐག་གཅོད་དགོས། “བཞི་བཟང་ཞིང་སྡེའི་ལམ”གྱི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་དགོས་པ་དང་། “ལམ་དཔོན་ལམ་ལུགས”དང་དཔེ་སྟོན་རྫོང་ལག་བསྟར་ལ་ཤུགས་སྣོན་དང་། ཆ་རྐྱེན་འཛོམས་པའི་སྒྲིག་ཁོངས་སྡེ་བ་ཡོངས་ལ་སྲ་བསྒྱུར་ལམ་ཤར་གཏོང་བྱ་རྒྱུ་མངོན་འགྱུར་དང་། ཆ་རྐྱེན་ལྡན་པའི་ས་ཁུལ་གྱིས་རང་བྱུང་སྡེ་བའི་ཕྱོགས་སུ་རྒྱ་བསྐྱེད་དགོས། སྡེ་བའི་ནང་གི་གཞུང་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། གྲོང་གསེབ་ཀྱི་གློག་རླངས་ཅན་མཐོར་འདེགས་གཏོང་བའི་བཟོ་འགོད་ཁྱོན་ཡོངས་ནས་ལག་ཏུ་བསྟར་དགོས་པ་དང་། སྐོར་གསར་པའི་ཞིང་སྡེའི་གློག་དྲའི་བསྒྱུར་བཀོད་མགྱོགས་མྱུར་ངང་འགྲུབ་དགོས། རྫོང་དང་ཞང་། སྡེ་བ་བཅས་ཀྱི་དངོས་སྐྱེལ་རྨང་གཞིའི་སྒྲིག་བཀོད་དྲ་བ་འཐུས་ཚང་དུ་གཏོང་དགོས་ལ། ཐོན་སྐྱེད་བྱེད་ཡུལ་གྱི་ཞིང་ལས་ཐོན་རྫས་གསོག་འཇོག་དང་གསར་པ་ཡིན་པ་ཁག་ཐེག་བྱེད་པ། རིམ་དབྱེའི་ཐུམ་རྒྱག་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་། ཁེ་ལས་ཀྱིས་རྫོང་དང་ཞང་།ཆ་རྐྱེན་ལྡན་པའི་སྡེ་བ་བཅས་ལ་དངོས་སྐྱེལ་སྡེབ་སྐྱེལ་དྲ་ཚིགས་འཛུགས་པར་སྐུལ་མ་གཏོང་དགོས། ལམ་ཡངས་དྲ་རྒྱ་སྡེ་བར་རྒྱ་བསྐྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་བྱེད་པ་དང་། མྱུར་ཚད་སྤར་ཞིང་གླ་རིན་མར་ཆག་པར་སྐུལ་འདེད་བྱེད་དགོས། ཞིང་སྡེའི་ཉེན་ཁང་བསྒྱུར་བཀོད་ལ་མུ་མཐུད་དུ་སྐུལ་འདེད་བྱེད་དགོས། སྡེ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དོ་དམ་ལ་ཡུན་རིང་གོ་ཆོད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་པ་དང་། ཕྱོགས་སོ་སོའི་བདག་སྐྱོང་འགན་འཁྲི་གསལ་པོ་བྱེད་དགོས་པ་དང་། ས་གནས་ཀྱིས་བདག་སྐྱོང་གླ་རིན་ནོར་སྲིད་སྔོན་རྩིས་ཁྲོད་ཚུད་དུ་འཇུག་པར་སྐུལ་མ་བྱེད་དགོས།

(གསུམ།)ཞིང་སྡེའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཞིང་སྡེའི་སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། རྒན་གསོ། རིག་གནས་ལུས་རྩལ་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས་པ་དང་།མཁར་གྲོང་གི་གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ཅན་དུ་འགྱུར་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། མཁར་གྲོང་གི་འོས་འགན་སློབ་གསོ་གཞི་གཅིག་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་དགོས་པ་དང་། ཞིང་སྡེའི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་སྒྱུར་འཆར་གཞི་གཏིང་ཟབ་ཏུ་སྤེལ་དགོས། མཐོ་འབྲིང་དུས་སྐབས་ཀྱི་སློབ་གསོ་ཡོངས་ཁྱབ་འགག་སྒྲོལ་གྱི་འཆར་གཞི་ལག་ཏུ་བསྟར་དགོས་པ་དང་། ཞིང་སྡེའི་བྱིས་པའི་བདེ་ཐང་ལེགས་སྒྱུར་དང་དུས་སྔ་མའི་སློབ་གསོ། སློབ་སྔོན་སློབ་གསོ་བཅས་ལ་ཤུགས་སྣོན་དགོས། ཚད་ལྡན་ཅན་གྱི་སྡེ་བའི་འཕྲོད་བསྟེན་ཁང་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་དགོས་ལ། ཀུན་མཁས་སྨན་པའི་ཆེད་བཙུགས་ལས་རྐང་འཆར་གཞི་ལག་ཏུ་བསྟར་དགོས། གཅིག་གྱུར་གྱི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་འགོག་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་ལ། མཁར་གྲོང་སྡོད་དམངས་ཀྱི་ནད་ལྗིད་མོའི་ཉེན་འགོག་མཉམ་དུ་ཧྲག་སྡེབ་བྱེད་དགོས། མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ཉེན་འགོག་ཐོབ་ཆ་གཏན་འཁེལ་དང་རྨང་གཞིའི་རྒན་གསོའི་མ་དངུལ་རྒྱུན་ལྡན་འཁོར་སྐྱོད་ཀྱི་སྙོམ་སྒྲིག་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། མཁར་གྲོང་གི་སྤྱི་ཚོགས་རོགས་སྐྱོབ་མ་ལག་གཅིག་གྱུར་འཆར་འགོད་བྱེད་དགོས་པ་དང་། མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་དང་། གཟིགས་སྐྱོང་བདེ་འགོད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་གཞི་རིམ་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བྱེད་དགོས། ཞིང་སྡེའི་གཞིས་སྲུང་བྱིས་པ་དང་བུད་མེད། རྒན་པར་གཟིགས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས། རིམ་པ་མང་བའི་ཞིང་སྡེའི་རྒན་གསོའི་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་། ཞིང་སྡེའི་དབང་པོ་སྐྱོན་ཅན་གྱི་ཞབས་ཞུར་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་དགོས། མཁར་གྲོང་གི་གཅིག་གྱུར་འཆར་འགོད་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་གྲོན་དངུལ་གཏོང་འཇོག་ནང་རྐྱེན་འཛུགས་པར་སྐུལ་འདེད་བྱེད་དགོས་པ་དང་། ཞིང་སྡེའི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞི་འཐུས་ཚང་དུ་གཏོང་དགོས།

(བཞི)ཞིང་སྡེའི་སྦགས་བཙོག་བཅོས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་དགོས། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བྱེད་དགོས་པ་དང་། ཞིང་ལས་དང་ཞིང་སྡེའི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་ཀྱི་ཕྱོགས་སོ་སོའི་སྦགས་བཙོག་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་ཀྱི་ལུད་དང་སྨན་རྫས་གྲོན་བསྲི་བྱེད་པའི་བྱ་འགུལ་སྤེལ་ཏེ། རྫས་འགྱུར་ཞིང་སྨན་བཀོལ་སྤྱོད་བྱེད་པ་ཇེ་ཉུང་དུ་འགྲོ་བ་མངོན་འགྱུར་བྱེད་དགོས། སྐྱེ་ཁམས་འཁོར་སྐྱོད་ཞིང་ལས་འཕེལ་རྒྱས་སུ་གཏོང་དགོས་པ་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་རྫས་དང་། སོག་མ། ཞིང་ལས་ཀྱི་འགྱིག་ཤོག་སོགས་ཞིང་ལས་ཀྱི་བེད་མེད་དངོས་པོ་རྣམས་ཐོན་ཁུངས་སུ་བསྒྱུར་ཏེ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་བྱེད་དགོས་པ་དང་། ཕྱུགས་ལས་གསོ་སྤེལ་རྫོང་ཆེན་གྱི་ལུད་རྫས་ཐོན་ཁུངས་ཅན་དུ་བསྒྱུར་ནས་བེད་སྤྱོད་གཏོང་བ་དེ་རྫོང་ཡོངས་བཅོས་སྐྱོང་གི་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱ་དགོས་པ་དང་། ནུས་ཤུགས་ཡོད་རྒུས་དཀར་པོའི་སྦགས་བསླད་བཅོས་སྐྱོང་བྱེད་དགོས། འདེབས་འཇོག་རེས་མོས་ལམ་ལུགས་ཀྱི་ཚོད་ལྟ་བྱེད་ཡུལ་རྒྱ་བསྐྱེད་དགོས། ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་བསྐྲུན་དགོས། གྲོང་གསེབ་ལྗང་སྒྱུར་དང་མཛེས་སྒྱུར་གྱི་འགུལ་སྐྱོད་ལག་ཏུ་བསྟར་ནས། ནགས་ཚལ་ལྡན་པའི་གྲོང་གསེབ་ཁག་གཅིག་འཛུགས་སྐྲུན་དང་། སྡོང་རྒན་དང་ཤིང་སྡོང་གྲགས་ཅན་ལ་སྲུང་སྐྱོབ་བྱེད་ཅིང་། བརླན་སའི་སྐྱེ་ཁམས་ཕན་འབྲས་ཁ་གསབ་དང་ཞིང་བསྐྱུར་བརླན་སྐྱོང་བྱེད་དགོས། ཁྱོན་ཡོངས་ནས་རང་བྱུང་ནགས་སྲུང་སྐྱོབ་བྱེད་དགོས། “བྱང་གསུམ”ས་ཁུལ་གྱི་འགོག་སྲུང་ནགས་ཇེ་ཞན་དུ་འགྱུར་བཞིན་པ་དེ་སླར་གསོ་བྱེད་པར་ཤུགས་སྣོན་དགོས། ཞིང་བསྐྱུར་ནགས་སྐྱོང་རྩྭ་སྐྱོང་རྒྱ་བསྐྱེད་དགོས་པ་དང་། ཕྱུགས་བསྐྱུར་རྩྭ་སྐྱོང་བརྟན་འཇགས་ངང་ལག་ཏུ་བསྟར་དགོས། སྐོར་གསར་པའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ལ་ཁ་གསབ་བྱ་དགའ་སྟེར་བའི་སྲིད་ཇུས་ལག་ཏུ་བསྟར་དགོས། ཆུ་དཔོན་ལམ་ལུགས་དང་། མཚེའུ་དཔོན་ལམ་ལུགས་དོན་འཁྱོལ་བྱས་ཏེ། ཞིང་སྡེའི་ཆུའི་ཁོར་ཡུག་ལེགས་བཅོས་ལ་སྐུལ་འདེད་གཏོང་དགོས་པ་དང་།གྲོང་གསེབ་ཀྱི་ཆུ་དང་མཚེའུའི་བཞུར་རྒྱུན་སོགས་ཀྱི་ཆུའི་སྐྱེ་ཁམས་བར་སྟོང་དོ་དམ་ནན་མོ་བྱེད་དགོས།

(ལྔ)ཞིང་སྡེའི་འཆར་འགོད་ལ་ཁྲིད་སྟོན་བྱེད་པར་ཤུགས་སྣོན་དགོས། འཆར་འགོད་དོ་དམ་ལ་ཤུགས་སྣོན་པ་དེ་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་རང་བཞིན་གྱི་བྱ་བར་བརྩིས་ཏེ། འཆར་འགོད་དོ་དམ་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱེད་དགོས། རྫོང་རེ་སྡེ་ཚན་དུ་བྱས་ཏེ་གྲོང་སྡེའི་ཁྱབ་སྟངས་འཆར་འགོད་སྒྲིག་བཟོ་དང་ཡང་ན་བཟོ་བཅོས་བྱས་ནས། རྫོང་རིམ་པའི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་སྡེའི་འཆར་འགོད་བྱ་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། སྔོན་ལ་འཆར་འགོད་དང་རྗེས་སུ་འཛུགས་སྐྲུན་བྱེད་པའི་རྩ་དོན་ལྟར། ཁྱོན་ཡོངས་ནས་ས་ཞིང་བེད་སྤྱོད་དང་། ཐོན་ལས་འཕེལ་རྒྱས། སྡོད་དམངས་ཁུལ་འཛུགས་སྐྲུན། མི་སྡོད་ཁོར་ཡུག་བཅོས་སྐྱོང་། སྐྱེ་ཁམས་སྲུང་སྐྱོབ་དང་ལོ་རྒྱུས་རིག་གནས་རྒྱུན་འཛིན་བཅས་ལ་བསམ་བློ་བཏང་སྟེ། ཡུལ་བབ་ཀྱི་རྣམ་པ་བརྟན་སྲུང་བྱེད་པར་མཉམ་འཇོག་དང་། སྒྲིག་སྲོལ་མང་པོ་གཅིག་སྒྲིལ་གྱི་བེད་སྤྱོད་རང་བཞིན་ལྡན་པའི་གྲོང་སྡེའི་འཆར་འགོད་སྒྲིག་བཟོ་བྱེད་དགོས། ཞིང་སྡེའི་སྡོད་ཁང་ལས་པར་ཆོག་མཆན་འགོད་པ་དང་དོ་དམ་བྱེད་པར་ཤུགས་སྣོན་དགོས།

བཞི་པ། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་རྒྱ་བསྐྱེད་དེ། ཞིང་པའི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་དགོས།

(གཅིག) ཞིང་སྡེའི་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། ཡུལ་བབ་དང་བསྟུན་ཏེ་སྣ་མང་ཅན་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། “སྡེ་བ་རེ་ལ་ཐོན་རྫས་རེ”དང“རྫོང་རེ་ལ་ཐོན་ལས་རེ”དར་སྤེལ་གཏོང་དགོས། ཤིང་ཏོག་དང་སྔོ་ཚོད།ཇ། བཟའ་བྱའི་ཤ་མོའི་རིགས་དང་།འབྲུ་རྩིང་གི་རིགས་དང་སྲན་མའི་རིགས། ཞོག་ཁོག་གི་རིགས། རྩྭ་སྨན། ཁྱད་ལྡན་གསོ་སྤེལ་དང་། ནགས་ཚལ་དང་མེ་ཏོག་སྡོང་ཕྲུག་སོགས་ཀྱི་ཐོན་ལས་འབད་པ་ཆེན་པོས་འཕེལ་རྒྱས་སུ་གཏོང་དགོས། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ལེགས་ཆ་ལྡན་པའི་ཁུལ་སྐོར་ཞིག་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས། མི་རིགས་དང་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་སྡེའི་ལག་ཤེས་བཟོ་ལས་གསར་སྐྲུན་དང་འཕེལ་རྒྱས་སུ་གཏོང་བ་དང་།ཞིང་སྡེའི་ལག་ཤེས་བཟོ་རྩལ་པ་ཤུགས་ཆེན་པོས་སྔོག་འདོན་བྱེད་ཅིང་། ཁྱིམ་ཚང་གི་བཟོ་གྲྭ་དང་། ལག་ཤེས་ལས་གྲྭ། ཞིང་སྡེའི་འཁོར་ཁང་བཅས་སྐོར་ཞིག་སྐྱེད་སྲིང་བྱེད་དགོས། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་ཚད་གཞིའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཞིང་ལས་ཐོན་རྫས་ཀྱི་ས་བབ་མཚོན་རྟགས་དང་ཚོང་རྟགས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ། “ཡུལ་ཐོན་ཚོང་རྟགས”དང“སྡེ་ཐོན་ཚོང་རྟགས”ཅན་གྱི་ཁྱད་ཐོན་ཐོན་རྫས་ཀྱི་ཆས་རྟགས་སྐོར་ཞིག་བསྐྲུན་དགོས།

(གཉིས)ནུས་ཤུགས་ཡོད་རྒུས་དེང་རབས་ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ལས་རིགས་འཕེལ་རྒྱས་སུ་གཏོང་དགོས། “འདེབས་འཛུགས་ཕྱིར་འཚོང”དང“བཏབ་བཟང་ལེགས་འཚོང”འཛིན་ལུང་བྱས་ཏེ།ཐོན་ཁུལ་གཙོ་བོས་རྫོང་མཁར་ལ་བརྟེན་ནས་ཞིང་ལས་ཐོན་རྫས་ལས་སྣོན་ཐོན་ལས་འདུས་ཁུལ་ཆགས་པར་རྒྱབ་སྐྱོར་བྱེད་པ་དང་། གང་ནུས་ཅི་ཐུབ་ཀྱིས་ཐོན་ལས་མུ་རྒྱུད་དེ་རྫོང་མཁར་དུ་བསྐྱུར་ཏེ། ཞིང་སྡེ་ནས་རྒྱུ་ཆ་བཙོང་བ་དང་། གྲོང་ཁྱེར་དུ་ལས་སྣོན་བྱེད་པའི་གནས་བབ་བསྒྱུར་དགོས། ཁྱིམ་ཚང་གི་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་གི་བདག་གཉེར་དང་འཚམ་པའི་ཞིང་ལས་ཐོན་རྫས་ལ་ལས་སྣོན་རགས་ཙམ་བྱེད་པ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། རྫོང་མཁར་དུ་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་མོ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཞིང་ལས་ཐོན་རྫས་ཆེད་ལས་གྲོང་རྡལ་དང་ལས་སྣོན་བྱེད་པ་སྟོབས་དང་ལྡན་པའི་རྫོང་སྐོར་ཞིག་བསྐྲུན་དགོས། ཞིང་ལས་ཐོན་རྫས་ཐོན་ས་དང་བསྡུ་འགྲེམ་ལྟེ་གནས། འཚོང་ཡུལ་གྱི་སྡེབ་འཚོང་ཚོང་ར་འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་བྱས་ནས། ཞིང་ལས་ཐོན་རྫས་དངོས་སྐྱེལ་དྲ་རྒྱ་གཙོ་བོ་དང་འཁྱག་སྦྲེལ་དངོས་སྐྱེལ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞིང་ལས་ཐོན་ལས་ཅན་གྱི་སྣེ་ཁྲིད་ཁེ་ལས་དང་མཉམ་འབྲེལ་སྒྲིག་གཞི་སྐྱེད་སྲིང་བྱས་ཏེ། དེང་རབས་ཀྱི་ཞིང་ལས་ཐོན་ལས་གླིང་དང་། ཞིང་སྡེའི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་། ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ལྡན་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཁེ་ཕན་ཟུང་སྦྲེལ་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། ཞིང་པར་ཐོན་ལས་རིན་འཕར་ཡོང་སྒོ་སྔར་ལས་མང་པོ་ལོངས་སུ་སྤྱོད་དུ་འཇུག་དགོས།

(གསུམ)ཞིང་སྡེའི་རྣམ་པ་གསར་པའི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་སུ་གཏོང་དགོས། མཁོ་འཚོང་དང་སྦྲག་སྲིད། ཞིང་ལས་ཞུབས་ཞུ་ཀུང་སི། ཞིང་པའི་མཉམ་ལས་ཁང་བཅས་ཀྱིས་ཞིང་ལས་ལག་རྩལ་ཁྱབ་གདལ་དུ་གཏོང་བ་དང་། ས་ཞིང་ཚབ་གཉེར་དང་ཚབ་འདེབས་བྱེད་པ་དང་། གཅིག་གྱུར་འགོག་བཅོས་དང་། སྲོ་སྐམ་གསོག་ཉར་བཅས་ཞིང་ལས་ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། ཞིང་སྡེའི་ཐོན་ཁུངས་དང་། སྐྱེ་ཁམས་དང་རིག་གནས་བཅས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་དགོས་མཁོ་དང་འཚམ་པའི་ཡུལ་སྐོར་སྤྲོ་གསེང་དང་བཟའ་བཏུང་དམངས་སྲོལ་བསྟི་གནས་དང་། རིག་གནས་ཉམས་ལེན། བདེ་ཐང་ལུས་གསོ། རྒན་གསོའི་ཞབས་ཞུ་བཅས་ཀྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས། ཞིང་སྡེའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། འཕྲོད་བསྟེན་དང་།འགྲིམ་འགྲུལ། ཆ་འཕྲིན་དང་སྦྲག་སྲིད་བཅས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ལེགས་བཅོས་སུ་གཏོང་དགོས།

(བཞི)ཨང་ཀིའི་ཞིང་སྡེའི་འཐབ་ཇུས་ལག་བསྟར་བྱེད་དགོས། “སྦྲེལ་དྲ+ཞིང་ལས”དཔེ་དབྱིབས་ལ་སྐུལ་འདེད་གཏིང་ཟབ་བྱས་ཏེ།ཞིང་ལས་ཟོག་སྦྲེལ་དྲ་བའི་དཔེ་སྟོན་བེད་སྤྱོད་རྒྱ་བསྐྱེད་དགོས། གལ་ཆེ་བའི་ཞིང་ལས་ཐོན་རྫས་ཀྱི་མུ་འབྲེལ་ཐོན་ལས་ཧྲིལ་པོའི་གཞི་གྲངས་ཆེན་མོའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་ཨང་ཀིའི་ཞིང་ལས་ཞིང་སྡེའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། གློག་རྡུལ་ཚོང་དོན་ཞིང་སྡེ་རུ་བཀོལ་བའི་ཕྱོགས་བསྡུས་དཔེ་སྟོན་མུ་མཐུད་དུ་སྤེལ་ནས། “སྦྲེལ་དྲ+”ཡི་ཞིང་ལས་ཐོན་རྫས་ཞིང་སྡེ་ལས་བུད་དེ་གྲོང་ཁྱེར་དུ་འདྲེན་པའི་བཟོ་སྐྲུན་ལག་བསྟར་བྱེད་དགོས། སྡེ་བའི་དུད་ཁྱིམ་རེ་རེས་ཆ་འཕྲིན་བཀོལ་བར་ཁྱོན་ཡོངས་ནས་སྐུལ་སྤེལ་བྱས་ཏེ། “སྦྲེལ་དྲ+”ཡི་དཔེ་དབྱིབས་ལ་བརྟེན་ནས་སྤྱི་པའི་ཞབས་ཞུ་ཞིང་སྡེ་རུ་བསྲིང་བར་སྐུལ་འདེད་གཏོང་དགོས།

(ལྔ)ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་སྤོ་བསྒྱུར་བྱེད་པར་སྐུལ་སྤེལ་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་ལས་ཞུགས་སྲིད་ཇུས་དངོས་འབེབས་བྱས་ཏེ། ལས་ཞུགས་ཞབས་ཞུ་དང་ལས་རིགས་ལག་རྩལ་གསོ་སྦྱོང་ལ་ཤུགས་བསྣན་ནས། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ཐབས་ལམ་མང་པོའི་སྒོ་ནས་ལས་ཞུགས་སྤོ་བསྒྱུར་དང་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་དགོས།རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྟོབས་ལྡན་དུ་བཏང་ནས། ཐོན་ལས་གོ་རིམ་ལྡན་པའི་ངང་སྐབས་བགྲོད་སྤོ་བསྒྱུར་བྱེད་པར་ཁྲིད་སྟོན་དང་། འོས་འཚམ་ཡིན་པའི་ཐོན་ལས་མཁར་གྲོང་དུ་འདུས་ཏེ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། ལས་ཞུགས་བྱེད་ནུས་ཆེ་བའི་ཞིང་སྡེའི་ཁེ་ལས་ལ་རོགས་སྐྱོར་འཕེལ་རྒྱས་དང་ནང་འགུག་སྡུད་ལེན་བྱས་ཏེ། ཁེ་ལས་ཀྱིས་ཞིང་སྡེ་རུ་ཐོན་སྐྱེད་འཁོར་ཁང་དང་། ལས་ཞུགས་རྟེན་གཞི་འཛུགས་པར་རྒྱབ་སྐྱོར་བྱས་ནས།ཞིང་པས་རང་ས་གནས་དང་ཐག་ཉེ་ས་ནས་ལས་ཞུགས་བྱེད་པའི་ལས་རྐང་ཇེ་མང་དུ་གཏོང་དགོས། ཞིང་པ་ཞོར་ལས་པའི་ལས་ཞུགས་བརྟན་འཇགས་ཡོང་བར་བྱས་ཏེ། གླ་ཕོགས་དུས་ལྟར་དང་འདང་ངེས་སྟེར་བར་འགན་སྲུང་བྱེད་དགོས། ཞིང་ལས་ཀྱི་སྤོ་བསྒྱུར་མི་འབོར་གྲོང་ཁྱེར་སྡོད་དམངས་ཅན་དུ་བསྒྱུར་བ་ཇེ་མགྱོགས་སུ་བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུ་དེ་རྒྱུན་སྡོད་མི་འབོར་ཡོངས་ལ་ཁེབས་པར་སྐུལ་འདེད་བྱེད་དགོས།

(དྲུག)ཞིང་སྡེའི་གསར་སྐུན་དང་ལས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས།ཕྱི་ཡུལ་འགྲིམ་པའི་ཞིང་པ་ཞོར་ལས་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི། གྲོང་ཁྱེར་གྱི་འཇོན་མི་སྣ་ཚོགས་ཕྱིར་གྲོང་གསེབ་ཏུ་ལོག་པ་དང་གྲོང་གསེབ་ཏུ་སོང་སྟེ་གསར་སྐུན་དང་ལས་སྐྲུན་བྱེད་པར་སྐུལ་མ་གཏོང་བ་དང་། རྣམ་པ་མང་བའི་ལས་སྐྲུན་ལ་འདེགས་སྐྱོར་བྱེད་པའི་ཞབས་ཞུའི་སྟེགས་བུ་སྐྲུན་པར་རྒྱབ་སྐྱོར་བྱས་ཏེ། ཞིང་སྡེའི་གསར་སྐུན་དང་ལས་སྐྲུན་གྱི་རྒྱབ་སྐྱོར་མ་ལག་འཐུས་ཚང་དུ་གཏོང་དགོས།ཁྲལ་འཕྲི་རིན་གཅོག་གི་སྲིད་ཇུས་དངོས་འབེབས་ལེགས་པོ་བྱེད་པ་དང་། ས་གནས་ཀྱིས་ཞིང་སྡེའི་ལས་ཞུགས་དང་ལས་སྐྲུན་གྱི་ཁྲིད་སྟོན་ཐེབས་རྩ་འཛུགས་པར་སྐུལ་མ་བཏང་ནས། ས་ཞིང་བེད་སྤྱོད་པ་དང་ཡིད་རྟོན་དངུལ་བུན་སོགས་ཀྱི་དཀའ་ཁག་མགྱོགས་མྱུར་གྱིས་ཐག་གཅོད་དགོས། གསར་སྐུན་དང་ལས་སྐྲུན་གྱི་སྙོར་སྐྱོང་སྟེགས་བུའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས།གྲོང་གསེབ་ཏུ་ལོག་པའི་ལས་སྐྲུན་གླིང་སྐོར་ཞིག་གསར་འཛུགས་བྱེད་པར་རྒྱབ་སྐྱོར་དང་ཁེ་ལས་ཆུང་བ་འཕེལ་རྒྱས་འབྱུང་བར་རྒྱབ་སྐྱོར་བྱེད་དགོས།

ལྔ་པ། ཞིང་སྡེའི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། ཞིང་སྡེའི་འཕེལ་རྒྱས་ཀྱི་གསོན་ཤུགས་བསླང་དགོས།

(གཅིག)ཞིང་སྡེའི་གཞི་རྩའི་བདག་གཉེར་ལམ་ལུགས་སྲ་བརྟན་དང་འཐུས་ཚང་དུ་གཏོང་དགོས།ཁྱིམ་ཚང་བདག་གཉེར་གྱི་རྨང་གཞིའི་རང་བཞིན་གྱི་གོ་གནས་རྒྱུན་འཁྱོངས་བྱས་ཏེ།བདག་གཉེར་ཉིས་བརྩེགས་ཀྱི་སྒྲིག་གཞི་ལ་ནང་དོན་གསར་པ་སྟེར་དགོས།ཁྱིམ་ཚང་གི་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་སྟེ་རྣམ་པ་གསར་པའི་ཞིང་ལས་བདག་གཉེར་གྱི་གཙོ་གཞི་རིགས་གཉིས་འབུར་དུ་བཏོད་ནས་དམ་འཛིན་བྱས་ཏེ། ཁྱིམ་ཚང་གི་ཞིང་ར་གསོ་སྤེལ་བྱེད་པའི་འཆར་འགོད་དང་། ཞིང་པའི་མཉམ་ལས་ཁང་ཚད་ལྡན་དང་མཐོར་འདེགས་སུ་གཏོང་བ་དང་།དཔེ་སྟོན་མཉམ་ལས་ཁང་འཛུགས་པར་སྐུལ་འདེད་གཏིང་ཟབ་བྱེད་པ།ཁྱིམ་ཚང་གི་ཞིང་ར་དང་ཞིང་པའི་མཉམ་ལས་ཁང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་སྒྲིག་གཞི་དང་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་ཀྱི་མགོ་རྩོམ་དགོས། ཞིང་ཁྱིམ་ཆུང་བ་དང་དེང་རབས་ཞིང་ལས་འཕེལ་རྒྱས་གཉིས་ཟུང་འབྲེལ་དམ་ཚགས་ཡོང་བའི་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱས་ཏེ།“ཞིང་ཁྱིམ+མཉམ་ལས་ཁང”དང“ཞིང་ཁྱིམ+ཀུང་སི”ཡི་ཁེ་ཕན་མཉམ་འབྲེལ་གྱི་ནང་རྐྱེན་འཛུགས་ཤིང་འཐུས་ཚང་དུ་གཏོང་དགོས།རིགས་མི་འདྲ་བའི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་རྩ་འཛུགས་གསོ་སྐྱོང་བྱེད་པ་ཇེ་མགྱོགས་སུ་བཏང་ནས།ཁྱིམ་ཚང་རེ་རེར་བརྒྱུད་རིམ་ཧྲིལ་བོའི་སྤྱི་ཚོགས་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་དགོས།རྩྭ་ས་འགན་ལེན་བདག་གཉེར་ལམ་ལུགས་འཐུས་ཚང་དུ་གཏོང་བའི་བསམ་འཆར་དངོས་སུ་འདོན་པ་ཇེ་མགྱོགས་སུ་གཏོང་དགོས།ཞིང་ལས་ཆུ་རིན་གྱི་ཕྱོགས་བསྡུས་བཅོས་བསྒྱུར་ལ་སྐུལ་སྤེལ་བྱེད་པ་ཇེ་མགྱོགས་སུ་བཏང་ནས། ཆུ་གྲོན་ཆུང་བྱེད་པའི་སྐུལ་སྤེལ་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། མུ་མཐུད་དུ་མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས། མཁོ་འཚོང་མཉམ་ལས་ཁང་གི་སྲོལ་ཡིག་གཏན་འབེབས་བྱེད་དགོས།ཐུན་མོང་ནགས་དབང་ལམ་ལུགས་དང་རྒྱལ་དབང་ནགས་ཁུལ་ནགས་རའི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས། ས་རྒོད་གསར་སྦོལ་དང་གསར་སྦོལ་ས་ཁུལ་ཚོགས་སྒྲིལ་ཅན་དང་། ནགས་ར་ཁེ་ལས་ཅན་དུ་བཅོས་བསྒྱུར་བྱེད་པར་ཤུགས་ཆེན་པོས་སྐུལ་སྤེལ་བྱེད་དགོས།

(གཉིས)ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས། ཞིང་སྡེའི་ས་ཞིང་འགན་ལེན་འབྲེལ་བ་བརྟན་འཇགས་ཡོང་བར་མ་ཟད་ཡུན་རིང་པོར་མི་འགྱུར་བ་སྲུང་འཛིན་དང་། ཆ་སྡེབ་སྲིད་ཇུས་ཞིབ་འཇུག་སྒོས་བཏོན་ཅིང་། ས་གནས་སོ་སོས་སྐོར་གཉིས་པའི་ས་ཞིང་འགན་ལེན་གྱི་དུས་ཡུན་ལོངས་རྗེས་འགན་ལེན་རྒྱུན་སྲིང་གི་བྱེད་ཐབས་བྱེ་བྲག་གསལ་པོ་བྱེད་པར་མཛུབ་སྟོན་བྱས་ནས། སྲིད་ཇུས་འབྲེལ་མཐུད་བརྟན་བརླིང་ངང་བར་བརྒལ་ཐུབ་པར་ཁག་ཐེག་བྱེད་དགོས།ཐུན་མོང་བདག་དབང་དང་། ཞིང་ཁྱིམ་གྱི་འགན་དབང་བརྟན་འཇགས་སུ་གཏོང་བ་དང་། ས་ཞིང་བདག་གཉེར་དབང་ཆར་གསོན་ཤུགས་སྩོལ་བ་བཅས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་མ་ལག་འཐུས་ཚང་དང་དངོས་འབེབས་བྱེད་དགོས། འགན་གཙང་ལེན་བྱས་པའི་ས་ཞིང་ངོས་འཛིན་དབང་ཆ་ཐོ་འགོད་དང་དཔང་ཡིག་སྟེར་བའི་བྱ་བ་ཕལ་ཆེར་ལེགས་འགྲུབ་བྱུང་བའི་རྨང་གཞིའི་སྟེང་། “ཕྱིར་ལྟ་བ”སྤེལ་ནས། མཇུག་བསྡུ་བའི་བྱ་བ་ལེགས་སྒྲུབ་དང་། འཕྲོ་ལུས་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ། ས་ཞིང་འགན་གཙང་ལེན་བྱས་པའི་བདག་གཉེར་དཔང་ཡིག་ཞིང་པའི་ལག་ཏུ་སྤྲོད་དགོས།ས་ཞིང་རྒྱུན་འཁོར་ཚད་ལྡན་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རྣམ་པ་མང་བའི་ཞིང་ལས་ཀྱི་ཚད་དང་རན་པའི་གཞི་ཁྱོན་བདག་གཉེར་བྱེད་སྟངས་འཕེལ་རྒྱས་སུ་གཏོང་བ་དང་། ས་ཞིང་འགན་གཙང་ལེན་བྱས་པའི་བདག་གཉེར་དབང་ཆས་འགན་ལེན་མ་དངུལ་འདུ་འཁོར་བྱེད་ཆོག ཞིང་སྡེའི་ས་ཞིང་ལམ་ལུགས་ཀྱི་བཅོས་བསྒྱུར་ཆེད་ལས་རྣམ་གྲངས་གསུམ་གྱི་ཚོད་ལྟ་བྱེད་སའི་ཚོད་ལྟ་སྤྱི་བསྡོམས་ལེགས་པོ་བྱས་ཏེ། བཅོས་བསྒྱུར་གྱི་གྲུབ་འབྲས་ཇེ་བརྟན་དུ་གཏོང་དགོས། ཞིང་སྡེའི་ས་ཞིང་ཐུན་མོང་ལ་དབང་བ་ལས་སྒེར་ལ་མི་དབང་བ་རྒྱུན་འཁྱོངས་དང་། ཞིང་ས་ཞིང་སྤྱོད་དང་ཞིང་ལས་མིན་པར་བསྒྱུར་བ་སྔོན་འགོག་བྱས་ཏེ།ཞིང་པའི་ས་ཞིང་གི་ཁེ་དབང་འགན་སྲུང་བྱེད་པ་རྒྱུན་འཁྱོངས་དང་། འགན་གཙང་ལེན་བྱས་པའི་ས་ཞིང་དང་གཞིས་ས་ལས་འབུད་པ་ནི་ཞིང་པ་གྲོང་ཁྱེར་དུ་གཞིས་ཆགས་པའི་ཆ་རྐྱེན་དུ་བརྩི་མི་རུང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས།འབྲེལ་ཡོད་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་རྨང་གཞིའི་སྟེང་། ཆ་སྡེབ་ལམ་ལུགས་འཐུས་ཚང་དུ་བཏང་སྟེ།ཁྱོན་ཡོངས་ནས་ཞིང་སྡེའི་ས་ཞིང་གི་གཞུང་བསྡུའི་ལམ་ལུགས་བཅོས་བསྒྱུར་དང་ཞིང་སྡེའི་ཐུན་མོང་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་བྱེད་ས་ཚོང་རའི་ནང་ཞུགས་པའི་བཅོས་བསྒྱུར་མགོ་རྩོམ་པ་དང་།གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་གྱི་འཛུགས་སྐྲུན་བྱེད་སའི་ཚོང་ར་འཛུགས་པ་ཇེ་མགྱོགས་སུ་གཏོང་དགོས། གཞིས་སའི་སྤྱོད་དབང་གི་བདག་དབང་དངོས་སུ་ཁས་ལེན་ཐོ་འགོད་དང་དཔང་ཡིག་འགྲེམ་པའི་བྱ་བ་སྐུལ་སྤེལ་བྱེད་པ་ཇེ་མགྱོགས་སུ་བཏང་ནས། 2020ལོར་ཕལ་ཆེར་ལེགས་འགྲུབ་འབྱུང་བ་བརྩོན་ལེན་བྱེད་དགོས།ཞིང་སྡེའི་གཞིས་སའི་ལམ་ལུགས་བཅོས་བསྒྱུར་བྱེད་པར་གཟབ་ནན་ངང་སྐུལ་སྤེལ་བྱས་ཏེ། བཅོས་བསྒྱུར་ཚོད་ལྟ་བྱེད་ས་རྒྱ་བསྐྱེད་པ་དང་། ཚོད་ལྟ་བྱེད་སའི་ནང་དོན་ཇེ་མང་དང་། ལམ་ལུགས་ཇུས་འགོད་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་གཞིས་སའི་དོ་དམ་མཛུབ་སྟོན་བསམ་འཆར་གཏན་འབེབས་བྱེད་པ་དམ་འཛིན་བྱེད་དགོས།ཞིང་སྡེའི་གཞིས་ས་བེད་སྤྱོད་པའི་སྲོལ་ཡིག་ ཞིབ་འཇུག་དང་འཆར་ཟིན་འགོད་དགོས། བེད་མེད་དུ་བསྐྱུར་བའི་གཞིས་ས་ཕྱིར་སློག་པར་ཚོད་ལྟ་བྱེད་དགོས།རྫོང་ཁོངས་སུ་ཞིང་སྡེའི་བེད་མེད་དུ་བསྐྱུར་བའི་སློབ་གྲྭའི་ཁང་པ་དང་། བཟོ་ཁང་། བེད་མེད་དུ་བསྐྱུར་བའི་ས་ཞིང་བཅས་ལ་བཅོས་སྐྱོང་བྱེད་ཆོག་པ་བྱས་ཏེ། འཛུགས་སྐྲུན་བྱེད་སར་གསོན་ཤུགས་བསྩལ་ཏེ།གཙོ་བོ་ཞིང་སྡེའི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་དང་ཕྱིར་གྲོང་གསེབ་ཏུ་ལོག་པ་དང་གྲོང་གསེབ་ཏུ་ཡོང་སྟེ་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པར་སྤྱོད་དགོས། ཞིང་ལས་སྒྲིག་ཆས་ཐད་སྤྱོད་པའི་ས་ཞིང་དོ་དམ་ནན་མོ་བྱས་ཏེ། ལུགས་མཐུན་ངང་དགོས་མཁོ་བསྐང་དགོས། “སྤྱིལ་ཁང་ཆེན་པོ”ཡི་གནད་དོན་བཅོས་སྐྱོང་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། “ཞིང་ལས་ནས་ཐོན་པ་དེ་ཕྱིར་ཞིང་ལས་ལ་སྤྱོད་པ”ཡི་བླང་བྱ་ལྟར། ས་ཞིང་ནང་བཤུག་བཏང་བའི་ཡོང་འབབ་ཀྱི་སྤྱོད་ཁོངས་ལེགས་སྒྲིག་འཐུས་ཚང་དུ་བཏང་ནས། ཞིང་ལས་དང་ཞིང་སྡེ་ལ་མ་དངུལ་གཏོང་བའི་བསྡུར་ཚད་ཇེ་མཐོར་བཏང་སྟེ། གཙོ་བོ་ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་དང་། གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཚད་མཐོའི་ཞིང་ས་འཛུགས་སྐྲུན་བཅས་ཀྱི་ཐད་སྤྱོད་དགོས། གསར་བསྣན་ཞིང་སའི་དམིགས་ཚད་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་བྱེད་ས་སྣོན་འཕྲི་འབྲེལ་འཛུགས་ལས་ལྷག་འཕྲོའི་དམིགས་ཚད་དེ་ཞིང་ཆེན་ལས་བརྒལ་ཏེ་སྙོམ་སྒྲིག་སྒོས་སྤྱོད་པ་ཏན་ཏིག་གིས་སྤེལ་ནས། སྙོམ་སྒྲིག་བྱས་པའི་ཡོང་འབབ་ཡོད་ཚད་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་ཐད་སྤྱོད་དགོས། ས་ཞིང་དོ་དམ་བཅའ་ཁྲིམས་དང་། དངོས་པོའི་བདག་དབང་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་བཟོ་བཅོས་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས།

(གསུམ)ཞིང་སྡེའི་ཐུན་མོང་རྒྱུ་ནོར་བདག་དབང་ལམ་ལུགས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས། དུས་ལྟར་རྒྱལ་ཡོངས་ཀྱི་ཞིང་སྡེའི་ཐུན་མོང་རྒྱུ་ནོར་ལ་བརྟག་དཔྱད་དང་རྩིས་ལེན་བྱས་ཚར་དགོས་པ་དང་། ཞིང་སྡེའི་ཐུན་མོང་རྒྱུ་ནོར་གྱི་ལྟ་སྐུལ་དོ་དམ་སྟེགས་བུའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ཐུན་མོང་རྒྱུ་ནོར་གྱི་དོ་དམ་ལམ་ལུགས་སྣ་ཚོགས་འཛུགས་ཤིང་འཐུས་ཚང་དུ་གཏོང་དགོས། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་དམངས་གཙོའི་གྲོས་བསྡུར་གྱི་རྨང་གཞིའི་སྟེང་ནས་ཁོངས་མིའི་ཐོབ་ཐང་གཏན་འཁེལ་བྱེད་པར་མཛུབ་སྟོན་བྱེད་པ་དང་། ཡུལ་གཞན་དུ་གནས་ལ་སོང་བའི་བུད་མེད་སོགས་དམིགས་བསལ་ཁྱུ་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པར་གཙིགས་ཆེན་བྱེད་པ། ཞིང་སྡེའི་ཐུན་མོང་བདག་གཉེར་རང་བཞིན་གྱི་རྒྱུ་ནོར་མ་རྐང་མཉམ་འབྲེལ་ལམ་ལུགས་ཀྱི་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་གཏོང་བ་བཅས་ཀྱིས་ཚོད་ལྟའི་ཁྱབ་ཁོངས་མུ་མཐུད་དུ་རྒྱ་བསྐྱེད་དགོས། ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་བ་དང་། མ་དངུལ་རྐང་དངུལ་དུ་བསྒྱུར་བ། ཞིང་པ་རྐང་བདག་ཏུ་བསྒྱུར་བའི་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་དུ་གཏོང་དགོས། ཞིང་སྡེའི་ཐུན་མོང་རྒྱུ་ནོར་བདག་དབང་གི་དབང་ནུས་འཐུས་ཚང་དུ་བཏང་ནས། ཧུར་ཐག་གིས་ཐུན་མོང་རྒྱུ་ནོར་གྱི་མ་རྐང་བདག་དབང་གཏའ་མར་བཞག་ནས་དངུལ་བུན་ལེན་པའི་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་བཅའ་ཁྲིམས་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས། ཞིང་སྡེའི་རྒྱུ་ནོར་བདག་དབང་རིགས་སྣ་ཚོགས་ཀྱི་འཁོར་རྒྱུག་དང་བརྗེ་རེས་ཀྱི་ཚོང་ཁྲོམ་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་རྒྱུ་ནོར་བདག་དབང་རིགས་སྣ་ཚོགས་ཀྱི་འཁོར་རྒྱུག་དང་བརྗེ་རེས་ཁྲོམ་བསྒྲགས་དང་ཚད་ལྡན་གྱིས་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁྱད་ཆོས་དང་འཚམ་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཞིབ་འཇུག་དང་འཐུས་ཚང་དུ་གཏོང་དགོས།

(བཞི) ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། སྤྱི་འབོར་ཇེ་མང་དང་ཉར་ཚད་ཇེ་ལེགས། ཕན་ནུས་མཐོར་འདེགས་བཅས་ཀྱི་རྩ་དོན་ལྟར། སྤུས་ལེགས་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཇེ་དྲག་ཏུ་གཏོང་བ་དང་། རྣམ་པ་གསར་པའི་ཞིང་ལས་ཁ་གསབ་སྲིད་ཇུས་ཀྱི་མ་ལག་འཛུགས་པ་ཇེ་མགྱོགས་སུ་གཏོང་དགོས། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་ལམ་དང་། ཞིང་པའི་ཁེ་དབང་ལ་སྲུང་སྐྱོབ་དང་ཞིང་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པར་འཚམ་པའི་རྩ་དོན་ལྟར། མགྱོགས་མྱུར་གྱིས་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་ཐད་ཀྱི་བསམ་འཆར་ལ་ཞིབ་འཇུག་དང་གཏན་འབེབས། འཐུས་ཚང་བཅས་སུ་གཏོང་དགོས། “སྒམ་སེར”སྲིད་ཇུས་ལེགས་བཅོས་བྱེད་པར་སྙོམ་སྒྲིག་དང་། “སྒམ་ལྗང”སྲིད་ཇུས་ཀྱི་སྤྱོད་ཁོངས་རྒྱ་བསྐྱེད་དགོས། ཚོང་རའི་ནང་རྐྱེན་གྱི་བྱེད་ནུས་སྔར་ལས་ལེགས་པར་འདོན་སྤེལ་བྱེད་པའི་ཁ་ཕྱོགས་ལྟར། འབྲས་དང་གྲོ་ཡི་ཆེས་དམའ་བའི་ཉོ་རིན་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་མཁན་གྱི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཡིད་རྟོན་དངུལ་བུན་གྱི་ཁག་འཁུར་གྲོན་ཚད་ཁ་གསབ་དང་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ཁག་ཁུར་སྡེ་ཁག་གི་ལས་སྒོར་དཔྱད་ཞིབ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱེད་པ་དང་། ཁག་ཁུར་གྱི་གཞི་ཁྱོན་མགྱོགས་མྱུར་གྱིས་ཇེ་ཆེར་གཏོང་དགོས། རྒྱ་བསྐྱེད་པ་དང་སྤུས་འདེགས་པ། ཚད་ཇེ་མཐོར་གཏོང་བའི་བླང་བྱ་ལྟར། ཞིང་ལས་ཀྱི་ཉེན་འགོག་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། འབྲས་དང་གྲོ་དང་མ་རྨོས་ལོ་ཏོག་བཅས་ཀྱི་མ་རྩའི་ཉེན་འགོག་ཆ་ཚང་དང་ཡོང་སྒོའི་ཉེན་འགོག་གི་ཚོད་ལྟ་བྱེད་སར་སྐུལ་འདེད་གཏོང་དགོས། ཞིང་ལས་ཀྱི་གནོད་སྐྱོན་ཆེན་པོའི་ཉེན་འགོག་ཚོད་ལྟ་བྱེད་ས་དང“ཉེན་འགོག+དུས་ཟོང”གི་ཚོད་ལྟ་བྱེད་ས་རྒྱ་བསྐྱེད་དགོས། ས་གནས་ཀྱི་ལེགས་ཆ་དང་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ལ་ཉེན་འགོག་བྱེད་པར་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི་ཚོད་ལྟ་བྱེད་ས་འཛུགས་པར་འཚོལ་ཞིབ་བྱེད་དགོས། དངུལ་རྩས“ཞིང་གསུམ”གྱི་གནད་འགག་སོ་སོར་ཞབས་ཞུ་བྱེད་པ་དང་། རྫོང་ཁོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྡེ་ཁག་གིས“ཞིང་གསུམ”ལ་ཞབས་ཞུ་བྱེད་པའི་སྐུལ་སྤེལ་དང་ཚོད་འཛིན་གྱི་ནང་རྐྱེན་བཙུགས་ནས། ཀུན་ཕན་རང་བཞིན་གྱི་ཞིང་འབྲེལ་དངུལ་བུན་གཏོང་བའི་འཕེལ་ཚད་སྤྱིའི་ཆ་ནས་དངུལ་བུན་རིགས་སྣ་ཚོགས་ཀྱི་ཆ་སྙོམས་གཏོང་ཚད་ཀྱི་འཕེལ་ཚད་ལས་མཐོ་བ་མངོན་འགྱུར་བྱེད་དགོས། ཞིང་སྡེའི་ཚོང་ལས་དངུལ་ཁང་དང་ཞིང་སྡེའི་མཉམ་ལས་དངུལ་ཁང་། ཞིང་སྡེའི་ཡིད་རྟོན་མཉམ་ལས་དངུལ་ཁང་སོགས་ཀྱི་གདོད་མའི་ངོ་བོ་སླར་གསོ་བྱེད་པར་སྐུལ་འདེད་བྱས་ཏེ། རང་ས་གནས་ཀྱི“ཞིང་གསུམ”ལ་ཞབས་ཞུ་བྱེད་དགོས། ཚོང་ལས་དངུལ་ཁང་གི“ཞིང་གསུམ”ལས་དོན་པུའུ་ཡི་ལས་ཕྱོད་དཔྱད་ཞིབ་དང་སྐུལ་སྤེལ་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས། བར་ཁྱད་ཅན་གྱི་གྲ་སྒྲིག་དངུལ་ཚད་དང་ཁྱད་པར་ཅན་གྱི་ལྟ་སྐུལ་དོ་དམ་སོགས་ཀྱི་སྲིད་ཇུས་ལེགས་པར་སྤྱད་ནས། “ཞིང་གསུམ”གྱི་ཡིད་རྟོན་དངུལ་བུན་གྱི་ཁག་ཁུར་ཞབས་ཞུའི་ཆ་རྐྱེན་ཇེ་དམའ་རུ་གཏོང་བ་དང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩ་སྡེ་ཁག་གིས་གྲོང་གསེབ་དར་སྤེལ་དང་དབུལ་ཐར་འགག་སྒྲོལ་གྱི་ཁྲོད་ནས་དུས་ཡུན་འབྲིང་རིང་གི་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་ལྕག་གཏོང་དགོས། ཁྱབ་ཁོངས་གལ་ཆེན་གྱི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་དུས་ཟོང་དང་དུས་དབང་གི་ཟོང་རིགས་ཚོང་རར་ཞུགས་པར་རྒྱབ་སྐྱོར་བྱེད་དགོས།

དྲུག་པ། ཞིང་སྡེའི་བཅོས་སྐྱོང་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བ་རྒྱུན་སྲུང་བྱེད་དགོས།

(གཅིག)ཞིང་སྡེའི་བཅོས་སྐྱོང་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཏང་རྩ་འཛུགས་ཀྱིས་མགོ་ཁྲིད་བྱས་པའི་རང་སྐྱོང་དང་ཁྲིམས་སྐྱོང་དང་ཀུན་སྤྱོད་ཀྱིས་སྐྱོང་བ་བཅས་ཟུང་འབྲེལ་བྱེད་པའི་མགོ་ཁྲིད་སྒྲིག་སྲོལ་དང་བྱ་བའི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། མང་ཚོགས་བཅོས་སྐྱོང་ནང་ཞུགས་པའི་གཙོ་བདག་བྱེད་ནུས་འདོན་སྤེལ་བྱེད་དགོས། ཞིང་སྡེའི་བཅོས་སྐྱོང་མ་ལག་འཛུགས་པའི་ཚོད་ལྟ་བྱེད་ས་དང་ཞིང་སྡེའི་བཅོས་སྐྱོང་དཔེ་སྟོན་སྡེ་བ་དང་གྲོང་རྡལ་གསར་སྐྲུན་གྱི་བྱ་འགུལ་སྤེལ་དགོས། རང་སྐྱོང་རྩ་འཛུགས་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འཛུགས་པར་ཤུགས་སྣོན་དང་། སྡེ་བ་རིམ་པའི་ལས་དོན་གྲོས་བསྡུར་གྱི་ལམ་ལུགས་འཐུས་ཚང་། སྡེ་བ་རིམ་པའི་ལས་དོན་ཁྲོམ་བསྒྲགས་ལ་སྐུལ་འདེད་དང་། སྡེ་བ་རིམ་པའི་དབང་ཆར་ནུས་ལྡན་གྱིས་ལྟ་སྐུལ་བྱེད་པར་ཤུགས་སྣོན་དགོས། ཞིང་སྡེས་སྡེ་བ་དང་དམངས་ཁྲོད་ཀྱི་སྲོལ་དང་སྒྲིག་ལམ་ཡོངས་ཁྱབ་ཏུ་གཏན་འབེབས་དང་བཅོས་སྒྲིག་བྱེད་པར་མཛུབ་སྟོན་བྱེད་དགོས། ཞིང་སྡེའི་གཞི་རིམ་གྱི་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་སྐུལ་འདེད་དང་། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཀྱི་ཕྱོགས་བསྡུས་ཁྲིམས་བསྟར་ལ་ཤུགས་སྣོན་དགོས།

( གཉིས) ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞིང་པས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་ལག་ལེན་བྱེད་པར་སྣེ་ཁྲིད་དེ། ཏང་གི་ཞིང་སྡེའི་བསམ་བློའི་གཡུལ་ས་སྲ་བརྟན་དུ་གཏོང་དགོས། དྲིལ་སྒྲོག་དང་སློབ་གསོར་ཤུགས་བསྣན་ནས་ཞིང་པ་མང་ཚོགས་ཀྱི་བསམ་བློའི་བྱ་བ་ལེགས་པོར་སྒྲུབ་པ་དང་། ཏང་གི་ལམ་ཕྱོགས་བྱེད་ཕྱོགས་དང་ཞིང་ལས་སྟོབས་ལྡན་དུ་གཏོང་བ་དང་།ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་དྲིལ་སྒྲོག་བྱས་ཏེ། ཞིང་པས་ཏང་གི་སྐད་ཆར་ཉན་པ་དང་ཏང་གི་དྲིན་གཟོ་བ། ཏང་གི་རྗེས་སུ་འབྲངས་པ་བཅས་ལ་སྣེ་ཁྲིད་དགོས། དུས་རབས་གསར་པའི་དཔལ་ཡོན་དོན་འཁྱོལ་ལྟེ་གནས་འཛུགས་པའི་ཚོད་ལྟ་བྱེད་ས་སྤེལ་ནས། རྫོང་རིམ་པའི་མཉམ་འདྲེས་སྨྱན་བྱད་ལྟེ་གནས་ཀྱི་འཛུགས་སྐྲུན་དམ་དུ་འཛིན་དགོས། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གསར་སྐྲུན་གྱི་བྱ་འགུལ་གཏིང་ཟབ་དང་རྒྱ་བསྐྱེད་དུ་སྤེལ་བ་དང་། ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་རྫོང་དང་དཔལ་ཡོན་ཞིང་སྡེ་དང་གྲོང་རྡལ། ཆེས་མཛེས་པའི་ཁྱིམ་ཚང་སྐོར་ཞིག་འདོན་པ། ཀུན་སྤྱོད་ཀྱི་དཔེ་མཚོན་སྔོག་འདོན་བྱས་ནས་བཙུགས་ཏེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། རིག་གནས་ཚོམས་ཁང་དང་རིག་གནས་ཐང་ཆེན་བཅས་ཀྱི་སྒྲིག་ཆས་འཛུགས་པར་རྒྱབ་སྐྱོར་བྱས་ནས། ཁྱད་ཆོས་ལྡན་པའི་རིག་གནས་ཞིང་སྡེ་དང་གྲོང་རྡལ་གསོ་སྐྱོང་བྱེད་དགོས། ཞིང་སྡེའི་གོམས་སྲོལ་གསར་སྒྱུར་བྱེད་པའི་བྱ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བྱེད་པ་དང་། ཞིང་སྡེའི་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་ཀྱིས་སྡོམ་གཅུན་རང་བཞིན་ཆེ་བའི་བྱེད་ཐབས་འདོན་པར་སྣེ་ཁྲིད་དང་སྐུལ་འདེད་བྱས་ནས། གཉེན་སྟོན་དང་འདས་མཆོད་ཀྱི་ཆོ་ག་ངན་པ་དང་། བག་རིན་མཐོན་པོ་ལེན་པ། ཕ་མ་སྐྱོང་བའི་གུས་སྲོལ་ཉམས་པ། རྒན་པ་མི་སྐྱོང་བ་སོགས་སྤྱི་ཚོགས་ཀྱི་དར་སྲོལ་ངན་པར་བཅོས་སྐྱོང་བྱེད་དགོས།

(གསུམ)བདེ་འཇགས་ཞིང་སྡེའི་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བྱེད་དགོས། ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ནས། ཞིང་སྡེའི་ནག་ཕྱོགས་སྟོབས་ཤུགས་ལ་རྡུང་རྡེག་ནན་མོ་བྱེད་པ་དང་། “སྡེ་བའི་བཙན་བདག”སོགས་ནག་ཕྱོགས་སྟོབས་ཤུགས་ཀྱིས་གཞི་རིམ་སྲིད་དབང་ལ་སིམ་འཛུལ་བྱེད་པ་གཏན་འགོག་བྱེད་དགོས། དགྲ་ཕྱོགས་ཀྱི་སྟོབས་ཤུགས་དང་ལོག་ཆོས་རྩ་འཛུགས། ཁྲིམས་འགལ་གྱི་ཆོས་ལུགས་བྱ་འགུལ་བཅས་ཀྱིས་ཞིང་སྡེའི་ས་ཁུལ་ལ་སིམ་འཛུལ་བྱེད་པར་རྡུང་རྡེག་ནན་མོ་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་བྱ་བ་གཞི་རིམ་དུ་བསྲིང་བར་སྐུལ་འདེད་བྱས་ནས། ཞིང་པའི་གམ་ནས་བྱུང་བའི་སྤྱོད་ངན་དང་རུལ་སུངས་ཀྱི་གནད་དོན་ལ་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བྱེད་དགོས། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་མགོ་ཁྲིད་པའི་འགན་འཁྲི་ལམ་ལུགས་འཐུས་ཚང་དང་དོན་འཁྱོལ་བྱེད་དགོས། དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་གཏིང་ཟབ་དང་རྒྱ་བསྐྱེད་དུ་གཏོང་བ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོའི་བདེ་འཇགས་འཛུགས་སྐྲུན་གྱི་སྟོབས་ཤུགས་ཧྲག་སྡེབ་དང་ལེགས་སྒྲིག་བྱས་ནས། སྔར་ལས་མང་བའི་ཐོན་ཁུངས་དང་ཞབས་ཞུ་དང་དོ་དམ་ཞིང་སྡེ་དང་སྡེ་ཁུལ་དུ་འབབ་པར་བྱེད་དགོས། ཞིང་སྡེའི་འགྲིམ་འགྲུལ་དང་མེ་འགོག སྤྱི་པའི་འཕྲོད་བསྟེན། ཟས་རིགས་སྨན་རྫས་ཀྱི་བདེ་འཇགས། ས་གཤིས་ཀྱི་གནོད་འཚེ་སོགས་སྤྱི་པའི་བདེ་འཇགས་དོན་རྐྱེན་འབྱུང་སླ་བའི་ཁྱབ་ཁོངས་ཀྱི་གནོད་རྐྱེན་ཞིབ་བཤེར་དང་ཆེད་དམིགས་བཅོས་སྐྱོང་ལ་ཤུགས་སྣོན་དགོས། ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱི་ཞིང་སྡེའི་སྤྱི་ཚོགས་བདེ་འཇགས་འགོག་སྲུང་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། མུ་མཐུད་དུ་ཞིང་སྡེའི“བདེ་སྐྱོང་བཟོ་འགོད”ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་བཏང་ནས། ཞིང་སྡེའི་འགལ་རྩོད་ཞིབ་བཤེར་འདུམ་སྒྲིག་ཐག་གཅོད་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། མང་ཚོགས་ལ་ཞབས་ཞུ་དང་བརྟན་འཇགས་སྲུང་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས།

བདུན་པ། ཞིང་སྡེའི་ཏང་ཀྲི་པུའུ་ཡི་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་འདོན་སྤེལ་བྱས་ནས། ཕྱོགས་ཡོངས་ནས་ཞིང་སྡེའི་གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

(གཅིག)ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་བྱེད་ནུས་ཇེ་དྲག་ཏུ་གཏོང་དགོས། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་དང་ཤུགས་སྣོན་དམ་དུ་འཛིན་པ་དང་། རྩ་འཛུགས་ནུས་པ་འཐོར་འདེགས་གཏོང་བ་གཙོ་གནད་དུ་བཟུང་ནས་ཆབ་སྲིད་བྱེད་ནུས་འབུར་དུ་ཐོན་པར་བྱེད་པ་དང་། རྒྱུན་ཆད་མེད་པར་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། སྔོན་ཐོན་ཀྲི་པུའུ་ཇེ་མང་དུ་གཏོང་བ་དང་བར་དཀྱིལ་ཀྲི་པུའུ་མཐོར་འདེགས་གཏོང་བ། རྗེས་ལུས་ཀྲི་པུའུ་ལ་དག་ཐེར་བྱེད་དགོས། རྫོང་སྡེ་ཚན་དུ་བྱས་ནས་ནུས་མེད་ཁ་ཐོར་གྱི་སྡེ་བའི་ཏང་རྩ་འཛུགས་ལ“སྡེ་བ་རེ་ལ་སྲིད་ཇུས་རེ”ལྟར་དག་ཐེར་བྱེད་དགོས། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེས་པར“ཕྱིར་ལྟ”ཐེངས་རེ་བྱས་ནས། ཉེས་དོན་ཆད་པ་མྱངས་པ་དང་། “སྡེ་བའི་བཙན་བདག”དང་ནག་ཕྱོགས་ལ་འབྲེལ་བ་སོགས་ཀྱི་གནད་དོན་ཡོད་པའི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཚན་ཁག་གི་ཁོངས་མི་ཕྱིར་ཕུད་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་པར་སྤྱིའི་ཆ་ནས་ལེགས་སྒྲིག་མཐོར་འདེགས་བྱེད་པའི་བྱ་འགུལ་ལག་བསྟར་བྱས་ནས་མགོ་ཁྲིད་ཚན་ཁག་གྲ་འཛོམས་ཤུགས་ལྡན་དུ་གཏོང་དགོས། ཕྱོགས་ཡོངས་ནས་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་རྫོང་རིམ་པའི་ཏང་ཨུའི་ཡིག་ཚགས་དོ་དམ་ལམ་ལུགས་དངོས་འབེབས་བྱེད་དགོས། ཧྲུའུ་ཅི་དང་པོ་མངག་སྡོད་བྱེད་པའི་ཡུན་ཕན་གྱི་བྱ་བའི་ནང་རྐྱེན་བཙུགས་ནས། ཕྱོགས་ཡོངས་ནས་དབུལ་ཕོངས་སྡེ་བ་དང་ནུས་མེད་ཁ་ཐོར་གྱི་སྡེ་བ། ཐུན་མོང་དཔལ་འབྱོར་མེད་པའི་སྡེ་བར་ཧྲུའུ་ཅི་དང་པོ་མངགས་པར་མ་ཟད། གྲོང་གསེབ་དར་སྤེལ་གྱི་འོས་འགན་ལྕི་བའི་སྡེ་བར་རྒྱ་བསྐྱེད་དགོས། སློབ་གྲྭ་ཆེན་མོའི་མཐར་ཕྱིན་སློབ་མ་དང་ཞིང་པ་གླ་རྒྱག་པ། དམག་ཁོངས་ལས་བུད་པའི་དམག་མི། ལས་ཁུངས་དང་དོན་ལས་སྡེ་ཁག་གི་ཕུལ་བྱུང་ཏང་ཡོན་གྱི་ཁྲོད་ནས་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གསོ་སྐྱོང་དང་འདེམ་བསྐོ་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཕུལ་བྱུང་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ཁྲོད་ནས་ཞང་དང་གྲོང་རྡལ་གྱི་མགོ་ཁྲིད་དང་ལས་བྱེད་པ་འདེམ་བསྐོ་བྱེད་པ་དང་། ཞང་དང་གྲོང་རྡལ་གྱི་གཞུང་ཞབས་པ་རྒྱུགས་བླངས་ནས་བསྡུ་བ་དང་། ཞང་དང་གྲོང་རྡལ་གྱི་དོན་ལས་སྒྲིག་ཁོངས་མི་སྣ་བསྡུ་བའི་རྒྱུན་རྣམ་ཅན་གྱི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱི་ལོ་ལྔའི་འགན་ཁུར་དུས་ཚོད་ཀྱི་གཏན་འཁེལ་དངོས་འབེབས་བྱས་ནས། རྒྱལ་ཡོངས་ཀྱི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་བྱ་བ་དེ་རྫོང་དང་ཞང་གི་སྐབས་བརྗེ་དང་དུས་མཉམ་དུ་སྤེལ་བར་སྐུལ་འདེད་བྱེད་དགོས། ཞིང་སྡེའི་ཏང་ཡོན་གྱི་རུ་དཔུང་གྲུབ་ཚུལ་ལེགས་བཅོས་བྱས་ནས། གཞོན་སྐྱེས་ཞིང་པ་དང་ཞིང་སྡེའི་ཕྱིར་སོང་ལས་བཟོ་པའི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་བའི་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རྫོང་རིམ་པའི་ཏང་ཨུས་ཞང་དང་སྡེ་བར་སྐུལ་འདེད་བྱེད་པའི་འགན་འཁྲི་ལམ་ལུགས་འཐུས་ཚང་དུ་བཏང་ནས། རྫོང་དང་ཞང་གི་ཏང་ཨུས་གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་ཁྲོད་གནས་པའི་འབུར་ཐོན་གནད་དོན་ལ་དུས་ངེས་ཅན་ནང་དུ་ཞིབ་བཤེར་བྱེད་པར་མ་ཟད་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱིས་སྡེ་བ་རིམ་པའི་རྩ་འཛུགས་སྣ་ཚོགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས། ཏང་རྩ་འཛུགས་མགོ་ཁྲིད་ཡིན་པའི་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་མ་ལག་འཐུས་ཚང་དུ་གཏོང་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིས་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འགྲོ་ལུགས་ལྟར་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་བ་ཕྱོགས་ཡོངས་ནས་སྐུལ་སྤེལ་བྱས་ནས། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མིས་ཕན་ཚུན་བསྣོལ་རེས་ཀྱིས་འགན་འཁུར་བ་སྐུལ་སྤེལ་བྱེད་པ་དང་། སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་སྡེ་དམངས་ཀྱི་འཐུས་ཚབ་པའི་ཁྲོད་ཀྱི་ཏང་ཡོན་གྱི་བསྡུར་ཚད་མཐོར་འདེགས་གཏོང་དགོས། ཏང་ཀྲི་པུའུ་ཡིས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་དགོས། ཕྱོགས་ཡོངས་ནས“གྲོས་བསྡུར་བཞི་དང་སྤྱི་བསྒྲགས་གཉིས”དངོས་འབེབས་བྱེད་པ་དང་། སྡེ་བ་རིམ་པའི་ལས་དོན་གལ་ཆེན་དང་གནད་དོན་ཚབས་ཆེན་ལ་སྡེ་བའི་ཏང་རྩ་འཛུགས་ཀྱིས་དཔྱད་གླེང་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།

(གཉིས) སྡེ་བ་རིམ་པའི་རྩ་འཛུགས་སྣ་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། སྡེ་བ་རིམ་པའི་རྩ་འཛུགས་སྣ་ཚོགས་ཀྱི་བྱེད་ནུས་གནས་མཚམས་གསལ་པོ་བྱས་ནས། གཞི་རིམ་རྩ་འཛུགས་སྣ་ཚོགས་དགོས་མཁོ་ལྟར་བཀོད་སྒྲིག་བྱེད་པ་དང་ལས་འགན་ལྟར་འགན་འཁྲི་ལག་བསྟར། དོན་སྒྲུབ་མཁན་གྱི་མི་ཡོད་པ། ལས་འཛིན་བྱེད་ན་སྒྲིག་ཡིག་ཡོད་པ་བཅས་མངོན་འགྱུར་བྱེད་དགོས། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་གཞི་རིམ་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་བྱེད་ནུས་ལེགས་པར་བཀོལ་དགོས་པ་དང་།སྡེ་མིའི་རང་ཉིད་དོ་དམ་དང་རང་ཉིད་སློབ་གསོ།རང་ཉིད་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཕྱོགས་ཡོངས་ནས་སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་འཛུགས་ཤིང་འཐུས་ཚང་དུ་བཏང་ནས། སྡེ་དོན་ཇུས་གཅོད་དང་ཡོངས་བསྒྲགས། རྒྱུ་ནོར་དོ་དམ། བཟོ་འགོད་ལས་གཞི་འཛུགས་སྐྲུན། ཞིང་ཕན་སྲིད་ཇུས་བྱེད་ཐབས་དངོས་འབེབས་སོགས་དོན་ཚན་སྟེང་གི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱེད་དགོས། ཐུན་མོང་དཔལ་འབྱོར་རྩ་འཛུགས་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་བཏང་ནས། ཐུན་མོང་རྒྱུ་ནོར་དོ་དམ་དང་།ཐུན་མོང་ཐོན་ཁུངས་འོས་འཚམ་གྱིས་གསར་སྤེལ་བྱེད་པ། ཐུན་མོང་གི་ཁོངས་མིར་ཞབས་ཞུ་ལ་སོགས་པའི་ཕྱོགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། ཞིང་སྡེའི་སྤྱི་ཚོགས་རྩ་འཛུགས་ཀྱིས་ཞིང་པར་ཞབས་ཞུ་དང་སྲོལ་གསར་འཛུགས་པ་ལ་སོགས་པའི་ཕྱོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།

(གསུམ) སྡེ་བ་རིམ་པའི་རྩ་འཛུགས་ཀྱི་ཞབས་ཞུའི་ནུས་པ་ཤུགས་ཆེར་གཏོང་དགོས། སྡེ་བ་རིམ་པའི་རྩ་འཛུགས་འཛུགས་སྐྲུན་ལ་ཕན་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བར་ཕན་པའི་རྩ་དོན་ལྟར། སྡེ་བ་རིམ་པའི་རྩ་འཛུགས་ཀྱིས་ཚབ་སྒྲུབ་བམ་ཡང་ན་ཁུར་དུ་ལེན་པར་འཚམ་པའི་བྱ་བའི་དོན་ཚན་དག་སྡེ་བ་རིམ་པའི་རྩ་འཛུགས་ལ་སྤྲོད་པར་མ་ཟད། དགོས་ངེས་ཀྱི་བྱ་བའི་ཆ་རྐྱེན་འགན་སྲུང་བྱེད་དགོས། སྡེ་བ་རིམ་པའི་རྩ་འཛུགས་ཚད་ལྡན་དུ་བཏང་ནས། སྲིད་གཞུང་གི་བྱ་བའི་དོན་ཚན་ལ་རོགས་འདེགས་བྱེད་དགོས་ཤིང་། གང་འདོད་དུ་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་བྱ་བའི་ཁུར་པོ་ཇེ་མང་དུ་གཏོང་བ་འགོག་དགོས། ཞང་གྲོང་གི་ས་ཚིགས་ཁང་བཅས་ཀྱི་བཅོས་བསྒྱུར་ལ་གཅིག་གྱུར་འཆར་འགོད་བྱས་ནས། ཞང་གྲོང་གིས་ཞིང་པར་ཞབས་ཞུ་སྒྲུབ་པའི་མ་ལག་འཛུགས་སྐྲུན་ཤུགས་ཆེར་གཏོང་བ་དང་།ཞང་གྲོང་ལ་དཔུང་སྡེ་ཡོད་པ་དང་ཐོན་ཁུངས་ཡོད་པ་ཁག་ཐེག་གིས་ཞིང་པར་ཞབས་ཞུ་བསྒྲུབ་དགོས།

(བཞི) སྡེ་བ་རིམ་པའི་རྩ་འཛུགས་འཁོར་སྐྱོད་གྲོན་དངུལ་འགན་སྲུང་གི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ནོར་སྲིད་ཀྱིས་མ་དངུལ་གཏོང་བ་གཙོ་བོ་ཡིན་པའི་སྡེ་བ་རིམ་པའི་རྩ་འཛུགས་འཁོར་སྐྱོད་གྲོན་དངུལ་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྡེ་བའི་ལས་བྱེད་པའི་གླ་ཆ་ཐོབ་ཐང་དང་སྡེ་བ་རིམ་པའི་རྩ་འཛུགས་ཀྱི་གཞུང་ལས་གྲོན་དངུལ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་དགོས་པ་དང་། རྒྱུན་ལྡན་དུ་འཕར་བའི་ནང་རྐྱེན་འཛུགས་དགོས་ལ། སྡེ་བ་རིམ་པའི་ཐུན་མོང་ཞབས་ཞུ་འཁོར་སྐྱོད་སྲུང་སྐྱོང་སོགས་གཞན་པའི་དགོས་ངེས་ཀྱི་དངུལ་གཏོང་འགན་སྲུང་བྱེད་དགོས། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཆེ་རུ་གཏོང་བ་དེ་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་གཅིག་གྱུར་འཆར་འགོད་སྐུལ་འདེད་ཀྱི་ཤུགས་ཚད་ཆེ་རུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཆེ་རུ་གཏོང་དགོས་ཤིང་། སྡེ་བ་རིམ་པའི་རྩ་འཛུགས་ཀྱི་རང་ཉིད་འགན་སྲུང་དང་ཞིང་པར་ཞབས་ཞུ་སྒྲུབ་པའི་ནུས་པ་ཤུགས་ཆེར་གཏོང་དགོས། 

བརྒྱད་པ། ཏང་གིས“ཞིང་གསུམ”བྱ་བའི་མགོ་ཁྲིད་པར་ཤུགས་སྣོན་བྱས་ནས། ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་གཏོང་བའི་སྤྱིའི་བྱེད་ཕྱོགས་དངོས་འབེབས་བྱེད་དགོས།

(གཅིག) རིམ་ལྔའི་ཧྲུའུ་ཅི་ཡིས་གྲོང་གསེབ་དར་སྤེལ་འཛིན་པའི་ལམ་ལུགས་འགན་སྲུང་ཤུགས་ཆེར་གཏོང་དགོས། ཀྲུང་དབྱང་གིས་གཅིག་གྱུར་འཆར་འགོད་བྱེད་པ་དང་ཞིང་ཆེན་གྱིས་སྤྱིའི་འགན་འཁུར་བ། གྲོང་ཁྱེར་དང་རྫོང་དང་ཞང་གིས་དངོས་འབེབས་ནན་འཛིན་བྱེད་པའི་ཞིང་སྡེའི་བྱ་བའི་ནང་རྐྱེན་ལག་བསྟར་བྱས་ཏེ།རིམ་ལྔའི་ཧྲུའུ་ཅི་ཡིས་གྲོང་གསེབ་དར་སྤེལ་འཛིན་པའི་འགན་འཁྲི་དངོས་འབེབས་ཀྱི་ལག་བསྟར་ཞིབ་སྲོལ་གཏན་ལ་དབབ་དགོས་པ་དང་། དཔྱད་ཞིབ་ལ་ལྟ་བཤེར་གཟབ་ནན་བྱེད་དགོས། གྲོང་གསེབ་དར་སྤེལ་གྱི་སྡོམ་རྩིས་ལྟ་ཞིབ་ཚད་ལེན་བྱ་བར་ཤུགས་སྣོན་དགོས། 2019ལོར་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར) སོ་སོའི་ཏང་ཨུ་ཡིས་རང་སའི་དོན་དངོས་དང་ཟུང་དུ་འབྲེལ་ནས། གྲོང་ཁྱེར་དང་རྫོང་གི་ཏང་སྲིད་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་གྲོང་གསེབ་དར་སྤེལ་འཐབ་ཇུས་སྐུལ་འདེད་ཀྱི་དངོས་འབྲས་དཔྱད་ཞིབ་བསམ་འཆར་འདོན་པར་མ་ཟད། དཔྱད་ཞིབ་མཇུག་འབྲས་བཀོལ་སྤྱོད་ལ་ཤུགས་སྣོན་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་དུས་ངེས་པར་འགྲུབ་དགོས་པའི་ལྡོག་མེད་ཀྱི་ལས་འགན་མཐའ་དག་མྱུར་དུ་དབྱེ་གསེད་བྱེད་དགོས་ཤིང་། བྱ་བའི་བྱེད་ཐབས་ཤུགས་ཆེར་བཏང་ནས། 2020ལོར་ལས་འགན་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་འགྲུབ་པར་ཁག་ཐེག་ནན་མོ་བྱེད་དགོས།

(གཉིས) ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་གཏོང་བའི་སྲིད་ཇུས་འདྲེན་ཕྱོགས་བརྟན་པོར་འཛུགས་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར“དམིགས་སུ་འཛིན་པ་བཞི”ཡི་བླང་བྱ་དངོས་འབེབས་བྱེད་རྒྱུ་དེ“ཞིང་གསུམ”བྱ་བ་ལེགས་པར་སྒྲུབ་པའི་དོན་ཆེན་ཨང་དང་པོར་བརྩིས་ནས། ཕྲག་ཏུ་འཁུར་བ་དང་ལག་ཏུ་འཛིན་པ། སྲིད་འབྲས་དཔྱད་ཞིབ་དང་མཉམ་གཅིག་ཏུ་སྦྲེལ་བ་དང་། རིམ་པ་རིམ་པར་འགན་འཁྲི་དངོས་འབེབས་བཅས་བྱེད་དགོས། “ཞིང་གསུམ”ལས་བྱེད་པ་བསྐོ་འཇོག་བྱེད་པ་དམིགས་སུ་བཟུང་ནས་བསམ་བློ་བཏང་སྟེ། ཕུལ་བྱུང་གི་ལས་བྱེད་པ“ཞིང་གསུམ”གྱི་འཐབ་ཕྱོགས་ལས་རྐང་དུ་མངག་པ་དང་། ཧྲག་འཇོན་སྟོབས་ཤུགས་གཞི་རིམ་གྱི་ལས་ཡུལ་དང་པོར་མངག་པ།“ཞིང་གསུམ”བྱ་བར་བྱང་ཆ་ལྡན་པའི་ལས་བྱེད་པ་བསྐོ་འཇོག་ལ་གཙིགས་འཛིན་བཅས་བྱས་ཏེ། ས་གནས་ཀྱི་རིམ་པ་སོ་སོའི་ཏང་སྲིད་མགོ་ཁྲིད་ཚན་ཁག་འཛོམས་པོར་གཏོང་དགོས། “ཞིང་གསུམ”གྱི་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་དམིགས་སུ་བཟུང་ནས་བཀོད་སྒྲིག་བྱེད་པ་དང་།བློ་ཐག་རྦད་ཆོད་ཀྱིས་མཁར་གྲོང་གི་རྒྱུ་རྐྱེན་རང་དབང་འཁོར་སྐྱོད་དང་འདྲ་མཉམ་བརྗེ་སྤོར་ལ་གེགས་བྱེད་པའི་སྒྲིག་སྲོལ་ནང་རྐྱེན་གྱི་མཁར་རྫོང་གཏོར་དགོས་ལ། ཞིང་སྡེའི་རྒྱུ་རྐྱེན་སྣ་རྐྱང་དུ་འགྲོ་བའི་རྣམ་པ་བསྒྱུར་དགོས་པ་དང་། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིང་སྡེའི་ཕྱོགས་སུ་འཁོར་སྐྱོད་བྱེད་པར་སྐུལ་འདེད་བྱེད་དགོས།“ཞིང་གསུམ” མ་དངུལ་གཏོང་བ་དམིགས་སུ་བཟུང་ནས་འགན་སྲུང་བྱས་ཏེ། ཞིང་ལས་དང་ཞིང་སྡེ་དེ་ནོར་སྲིད་ཀྱིས་དམིགས་སུ་བཟུང་ནས་འགན་སྲུང་བྱེད་པའི་ཁྱབ་ཁོངས་དང་དངུལ་རྩས་དམིགས་སུ་བཟུང་ནས་ཞབས་ཞུ་སྒྲུབ་པའི་ཁྱབ་ཁོངས་སུ་བརྩི་བ་རྒྱུན་འཁྱོངས་བྱས་ནས། སྤྱི་པའི་ནོར་སྲིད་ཀྱིས་སྔར་ལས་ཆེ་བའི་ཤུགས་ཚད་ཀྱིས“ཞིང་གསུམ”ཐད་ཁ་ཕྱོགས་པ་དང་། རྫོང་ཁོངས་ཀྱི་གསར་འཕར་དངུལ་བུན་གཙོ་བོ་དེ་གྲོང་གསེབ་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་དགོས། ས་གནས་སྲིད་གཞུང་གི་བུན་འཛིན་མ་དངུལ་དེ་བསྡུར་ཚད་ངེས་ཅན་ཞིག་བཀོད་སྒྲིག་བྱས་ནས་ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་དང་གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་གནད་སའི་ཁྱབ་ཁོངས་སུ་བཀོལ་དགོས། ཞིང་སྡེའི་སྤྱི་པའི་ཞབས་ཞུ་དམིགས་སུ་བཟུང་ནས་བཀོད་སྒྲིག་བྱས་ཏེ། མཁར་གྲོང་གི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞི་གཅིག་གྱུར་དང་ལམ་ལུགས་གཅིག་འགྲིལ་ཡོང་བར་སྐུལ་འདེད་བྱེད་དགོས་པ་དང་། ཕྱི་ཚུལ་སྟེང་གི་ཕན་ཐོགས་ནས་དོན་དངོས་སྟེང་གི་འདྲ་མཉམ་ལ་བསྒྱུར་བ་མངོན་འགྱུར་བྱེད་དགོས། ཞིང་ལས་དང་ཞིང་སྡེ་དམིགས་སུ་བཟུང་ནས་འཕེལ་རྒྱས་གཏོང་བའི་གོང་རིམ་ཇུས་འགོད་འཐུས་ཚང་དང་དངོས་འབེབས་བྱས་ཏེ། མྱུར་བ་མྱུར་དུ་མཛུབ་སྟོན་བསམ་འཆར་དང་བྱེ་བྲག་གི་ལག་བསྟར་བྱེད་ཐབས་ཞིབ་འཇུག་བྱས་ནས་དངོས་སུ་འགྲེམ་དགོས།

(གསུམ) ཞིང་ལས་ལ་རྒྱུས་མངའ་ཡོད་པ་དང་ཞིང་སྡེར་དགའ་བ།ཞིང་པར་དགའ་བ་བཅས་ཀྱི“ཞིང་གསུམ”ལས་བྱེད་པའི་དཔུང་སྡེ་སྐྱེད་སྲིང་བྱེད་དགོས། “ཞིང་གསུམ”བྱ་བའི་ལས་བྱེད་པའི་དཔུང་སྡེ་སྐྱེད་སྲིང་དང་བཀོད་སྒྲིག དོ་དམ།བཀོལ་སྤྱོད་བཅས་བྱེད་པའི་ནང་རྐྱེན་བཙུགས་ནས། གཅེས་སྐྱོང་སྐུལ་སློང་གི་སྲིད་ཇུས་དངོས་འབེབས་བྱེད་དགོས། “ཞིང་གསུམ”ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་སྲོལ་སྤེལ་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། བདེན་འཚོལ་དངོས་གཉེར་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མང་ཚོགས་དང་འབྲེལ་འདྲེས་དམ་པོ་བྱས་ཏེ། ཞིང་པར་བརྩེ་དུངས་ཟབ་མོ་ཆགས་པར་བྱེད་དགོས། དབུལ་ཐར་འགག་སྒྲོལ་དང་གྲོང་གསེབ་དར་སྤེལ་བྱ་བའི་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ་དང་། ཞིབ་བཤེར་དཔྱད་བསྡུར་དང་དཔྱད་ཞིབ་ལྟ་སྐུལ་གྱི་དོན་ཚན་སྣ་ཚོགས་གཙང་བཤེར་ཚད་ལྡན་དུ་བཏང་ནས། དངོས་གནས་གཞི་རིམ་ནས་ཐང་ཆད་རག་བར་དུ་དཔྱད་བསྡུར་དང་ཞིབ་བཤེར་ལ་བསུ་མ་བྱེད་པའི་གནད་དོན་ཅི་རིགས་དངོས་གནས་ཐག་གཅོད་བྱེད་དགོས་ཤིང་། གཞི་རིམ་གྱི་ལས་བྱེད་པས་ནུས་ཤུགས་གཅིག་བསྡུས་ཀྱིས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དོན་བཟང་སྒྲུབ་པའི་ཐོག་བཀོལ་དགོས། གྲོང་གསེབ་ཀྱི་འཇོན་མི་དེ་རིམ་པ་སོ་སོའི་འཇོན་མི་སྐྱེད་སྲིང་བྱེད་པའི་འཆར་གཞིའི་གྲས་སུ་བཞག་སྟེ་གཙོ་གནད་དུ་རྒྱབ་སྐྱོར་བྱེད་དགོས། རྫོང་ཁོངས་འཇོན་མིའི་གཅིག་གྱུར་འཆར་འགོད་ཀྱི་བཀོལ་སྤྱོད་ལམ་ལུགས་དང་།གྲོང་གསེབ་ཀྱི་འཇོན་མི་ས་ཕྱོགས་གཏན་འཁེལ་གྱིས་མངག་སྐྱེལ་གསོ་སྐྱོང་ལམ་ལུགས་བཙུགས་ཏེ། ལས་གནས་དང་སྒྲིག་ཁོངས་འོས་འཚམ་གྱིས་བགོ་བ་དང་ལས་གནས་སུ་ཡོད་པའི་བསླབ་གནས་སློབ་གསོ། གསར་གཏོད་ལས་ཐོབ་དཔྱད་འཇོག་སོགས་ཀྱི་བྱེད་སྟངས་མང་པོ་འཚོལ་ཞིབ་བྱེད་པ་བརྒྱུད་ནས།རིགས་མི་འདྲ་བའི་འཇོན་མི་རྣམས་གྲོང་གསེབ་དར་སྤེལ་གྱི་ལས་ལ་དངོས་སུ་ཞུགས་པར་སྣེ་ཁྲིད་བྱེད་དགོས། འབུར་ཐོན་བྱས་རྗེས་བཞག་པའི་འཇོན་མི་སྣ་ཚོགས་ལ་གཟེངས་བསྟོད་དང་བྱ་དགའ་གནང་དགོས། རྣམ་པ་གསར་པའི་ལས་རིགས་ཞིང་པ་གསོ་སྐྱོང་གི་བཟོ་འགོད་ལག་བསྟར་བྱེད་དགོས། གྲོང་གསེབ་ཀྱི་དགོས་མཁོར་ཕྱོགས་པའི་ལས་རིགས་སློབ་གསོ་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ། མཐོ་རིམ་སློབ་གྲྭ་ཡི་ཞིང་འབྲེལ་ཆེད་ལས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞིང་ལས་ལ་རྒྱུས་མངའ་ཡོད་པ་དང་ཞིང་སྡེར་དགའ་བ། ཞིང་པར་དགའ་བ་བཅས་ཀྱི“ཞིང་གསུམ”ལས་བྱེད་པའི་དཔུང་སྡེ་སྐྱེད་སྲིང་བྱེད་པའི་སྲིད་ཇུས་བསམ་འཆར་མྱུར་དུ་བཀྲམ་དགོས།

(བཞི) ཞིང་པའི་གཙོ་གཞིའི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས། ལམ་ལུགས་འཛུགས་སྐྲུན་དང་སྲིད་ཇུས་སྐུལ་སློང་།སློབ་གསོའི་ཁྲིད་སྟོན་བཅས་ལ་ཤུགས་སྣོན་བྱས་ཏེ། མང་ཚོགས་སྐུལ་སློང་དང་མང་ཚོགས་རྩ་འཛུགས།མང་ཚོགས་ལ་ཞབས་ཞུ་བཅས་གྲོང་གསེབ་དར་སྤེལ་གྱི་བརྒྱུད་རིམ་ཡོངས་ལ་ཁྱབ་པར་བྱེད་དགོས་པ་དང་། ཞིང་པའི་བསམ་འདུན་ལ་བརྩི་འཇོག་གང་ལེགས་བྱས་ཏེ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་ལ། ཞིང་པ་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སྤེལ་དང་སྐུལ་སློང་བྱེད་དགོས། སྲིད་གཞུང་གིས་མ་དངུལ་གཏོང་བའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། དམངས་སྒྲུབ་གཞུང་རོགས་དང་དངུལ་གྲབས་རྩོལ་བསྡུ།བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པ།ལས་ཀས་རྒུད་གསབ་ཀྱི་ཚབ་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས། སྡེ་བ་ཐུན་མོང་དང་ཞིང་པ་རང་སྒེར་ནས་རྩ་འཛུགས་ལག་བསྟར་བྱེད་པའམ་ཡང་ན་ཐད་ཀར་ཕན་ཁེ་ཐོབ་པའི་གྲོང་སྡེའི་རྨང་གཞིའིི་སྒྲིག་བཀོད་འཛུགས་སྐྲུན་དང་ཞིང་སྡེའི་མི་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་ནང་ཞུགས་པར་སྣེ་ཁྲིད་དང་རྒྱབ་སྐྱོར་བྱེད་དགོས། དངུལ་གྲབས་རྩོལ་བསྡུའི་བཀོལ་སྤྱོད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བྱས་ཏེ། ཞིང་པའི་ཁུར་པོ་ཇེ་ལྗིད་དུ་གཏོང་བ་སྔོན་འགོག་བྱེད་དགོས། གྲོང་སྡེ་འཛུགས་སྐྲུན་གྱི་ལས་གཞི་ལ་སྟབས་བདེའི་ངང་ཞིབ་བཤེར་ཆོག་མཆན་འགོད་པའི་བྱེད་ཐབས་བཏོན་ནས། སུས་འཇོན་དེ་འགུག་གི་འོས་སྤྱོད་ཁྱབ་ཁོངས་ཚད་ལྡན་དང་ཉུང་ངུར་གཏོང་དགོས་ལ། ཞིང་པ་རྣམས་སྔར་ལས་མང་པོ་ཞུགས་ཐུབ་པ་བྱ་དགོས་པར་མ་ཟད།དེ་ལས་ཁེ་ཕན་ཡང་ཐོབ་ཏུ་འཇུག་དགོས།

ད་ལྟའི་ཆར།“ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབས་ན་དོན་སྙིང་ཆེ་ཞིང་ལས་འགན་ལྗིད་ལ། བླང་བྱ་ཁ་ཚ་དགོས་གཏུག་ཏུ་གྱུར་པས། གོང་གསལ་ཕྱོགས8ཀྱི་བྱ་བ་ལས་གཞན།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཀོད་སྒྲིག་གནང་བའི་གཞན་པའི་བྱ་བ་སྣ་ཚོགས་ལ་ངེས་པར་ཡུན་ནས་ཡུན་དུ་བྱས་རྗེས་འཇོག་པ་དང་།དངོས་འབེབས་ནན་འཛིན་དང་ཕན་འབྲས་དངོས་ཐོན་པར་བརྩོན་སྙེག་གང་ཐུབ་བྱེད་དགོས།

ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི“ཞིང་གསུམ”བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་གསུང་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་ལེན་དངོས་འབེབས་བྱེད་དགོས་པ་དང་།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འགག་སྒྲོལ་གྱི་དཀའ་ཁག་སེལ་བ། ཏན་ཏིག་གིས་བྱ་བ་སྒྲུབ་བཞིན། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་བྱེད་པའི་ཆེད་དུ་བྱས་རྗེས་གསར་པ་འཇོག་དགོས། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།