ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་དར་མ་དང་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་འགོ་བརྩམས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-03-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས1ཉིན་གྱི་སྔ་དྲོར། 2019ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་དར་མ་དང་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭ་ནས་ཚོགས་འགོ་བརྩམས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཛད་སྒོར་ཞུགས།

ཞི་ཅིན་ཕིང་གིས་བསྟན་དོན། ཕུལ་བྱུང་ན་གཞོན་ལས་བྱེད་པ་སྐྱེད་སྲིང་དང་གདམ་གསེས་བྱེད་པ་ནི་དོན་ཆེན་ཞིག་ཡིན་པ་དང་དེ་ཏང་གི་ལས་དབང་དང་རྒྱལ་ཁབ་ཀྱི་ལས་དབང་། མི་རིགས་ཀྱི་ལས་དབང་། མི་དམངས་ཀྱི་བདེ་སྐྱིད་བཅས་ལ་འབྲེལ་བ་ཡོད་པར་མ་ཟད་ལོ་བརྒྱའི་ཇུས་གཞི་ཆེན་པོ་ཞིག་ཡིན། རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པས་རྒྱུན་ཏུ་སློབ་སྦྱོང་བྱེད་པའི་ཁྲོད་དུ་རིགས་གཞུང་ཡོན་ཚད་ལ་ཤུགས་སྣོན་པ་དང་དངོས་སུ་སློབ་སྦྱོང་བྱེད་པའི་ཁྲོད་དུ་ཕུགས་འདུན་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ལ། སློབ་སྦྱོང་དང་ལག་ལེན་ཁྲོད་དུ་ཐོག་མའི་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པ་དང་ཤེས་པ་དང་ཉམས་ལེན་གཅིག་གྱུར་བྱེད་པའི་ཁྲོད་དུ་རང་འགུལ་སྒོས་ཁག་ཁུར་བྱས་ཏེ། ཏང་ལ་བློ་དཀར་བ་དང་མི་དམངས་དྲིན་ལེན་འཇལ་བ། ལས་དོན་ལ་བརྩོན་ལེན་བྱེད་པ། བཅའ་ཁྲིམས་དང་སྒྲིག་སྲོལ་བརྩི་སྲུང་བྱེད་པ་བཅས་སྲུང་འཛིན་བྱེད་པ་དང་ཡིད་ཆེས་བརྟན་ཞིང་ཆབ་སྲིད་སྐྱོང་བ་དང་ནུས་པ་ལྡན་ལ། སྤྱོད་ཚུལ་ལེགས་པ་བཅས་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་ན་ལོ་བདུན་ཅུ་ལོན་པ་ནི་ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་སློབ་གསོའི་ཆེས་བཟང་བའི་དུས་ཤིག་ཡིན། ལས་བྱེད་པས་ཏང་གི་ཐོག་མའི་སེམས་འདུན་དང་ཏང་གི་འགན་འཁྲི་ཡིད་ལ་དམ་པོར་འཛིན་དགོས་པ་དང་དེ་ལྟར་བྱས་ན་མི་ཚེ་གང་བོའི་འབད་འཐབ་ལ་ད་གཟོད་སྔར་ལས་མཐོ་བའི་བསམ་བློའི་འདུ་ཤེས་ཆགས་པ་དང་ད་གཟོད་འབད་བརྩོན་ལྷོད་མེད་བྱེད་པའི་སྒུལ་ཤུགས་ལྡན། ལས་བྱེད་པས་མི་དམངས་མང་ཚོགས་ཆེས་མཐོ་བའི་གོ་གནས་སུ་འཇོག་དགོས་པར་མ་ཟད་མི་དམངས་དང་མཉམ་དུ་སྐྱིད་སྡུག་མཉམ་མྱོང་དང་དཀའ་ཁག་ཁྱད་སེལ་བྱེད་པ་ནི་ང་ཚོ་ཏང་དཀའ་ཁག་དང་ཉེན་ཁ་ཡོད་ཚད་ལས་རྣམ་པར་རྒྱལ་བའི་རྩ་བའི་ཁག་ཐེག་ཡིན། མང་ཚོགས་ཡིད་ལ་དམ་པོར་བཟུང་སྟེ་དུས་དང་རྣམ་པ་ཀུན་ཏུ་སུས་ཆེད་དང་སུ་ལ་བརྟེན་དགོས་པ་དང་ང་ནི་སུ་ཡིན་པ་བཅས་བརྗེད་མི་ཉན་པར་མི་དམངས་དང་མཉམ་འབྲེལ་བྱེད་དགོས་ཟེར།

ཁྲིན་ཞི་ཡིས་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོར་འགོ་འཛིན་བྱས་པ་དང་ཏེན་ཞའོ་ཞང་དང་ཧོང་ཁུན་མེན་སོགས་མཛད་སྒོར་ཞུགས།

ཉིས་སྟོང་བཅུ་དགུ་ལོའི་དཔྱིད་ཀའི་སློབ་སྐབས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་དར་མ་དང་ན་གཞོན་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་མཛད་སྒོར་ཞུགས་པ་དང་ཀྲུང་དབྱང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་མཛད་སྒོར་ཟུར་ཞུགས་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།