ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་རང་འགུལ་ངང་ཞིང་ལས་ཐོན་ཟོག་ནང་འདྲེན་བྱེད་རྒྱ་ཆེ་རུ་དང་ནང་འདྲེན་བྱ་ཐབས་མང་དུ་གཏོང་རྒྱུ་ཡིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-02-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་རྒྱལ་ནང་དུ་ཁ་ཐང་བའི་ཞིང་ལས་ཐོན་ཟོག་རང་འགུལ་ངང་ནང་འདྲེན་བྱེད་རྒྱ་ཆེ་རུ་དང་སྣ་མང་ཅན་གྱི་ནང་འདྲེན་བྱ་ཐབས་མང་དུ་གཏོང་རྒྱུ་ཞེས་བཏོན་ཡོད། རིགས་གཅིག་མཁས་ཅན་གྱིས་དེ་ལས་རང་རྒྱལ་གྱིས་བློ་བརྟན་འགྱུར་མེད་ངང་སྒོ་དབྱེ་རྒྱ་སྐྱེད་དང་སྒོ་དབྱེ་ལ་བརྟེན་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྣམ་འགྱུར་མཚོན་ཡོད་ཅེས་བརྗོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་གྲོང་གསེབ་དཔལ་འབྱོར་ཞིབ་འཇུག་པུའི་པུའུ་ཀྲང་ཡེ་ཤིན་ཆིང་གིས་ཞིང་ལས་ཐོན་ཟོག་ནང་འདྲེན་བྱེད་རྒྱ་ཆེ་རུ་བཏང་ན་ཕྱོགས་གཅིག་ནས་རྒྱལ་ནང་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་པ་དང་། འཛད་སྤྱོད་པ་དང་ཞིང་ལས་ཐོན་ཟོག་ལས་སྣོན་ལས་རིགས་ཀྱི་མ་གནས་དམའ་རུ་གཏོང་ཐུབ་པ་མ་ཟད། ཕྱོགས་གཞན་ཞིག་ནས་ད་དུང་རྒྱལ་ནང་གི་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་དང་ཐེག་ཚད་ལས་བརྒལ་བའི་མཐར་ལུས་ཐོན་ནུས་ཕྱིར་འཐེན་ཐུབ་སྟེ་ཞིང་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་བསྐྱང་བསྐུམ་ནུས་པ་ཆེ་རུ་གཏོང་ཐུབ་ཅེས་བརྗོད།

“ཞིང་ལས་ཐོན་ཟོག་ནང་འདྲེན་བྱེད་པ་ནི་དོན་དངོས་ཐོག་ས་ཞིང་དང་ཆུའི་ཐོན་ཁུངས་ནང་འདྲེན་བྱེད་པ་ཞིག་ཡིན་པས། མི་འབོར་མང་ཞིང་ས་ཆ་ཉུང་བའི་རང་རྒྱལ་གྱི་ངོས་ནས་བརྗོད་ན་ཕུགས་ཀྱི་ཁེ་ཕན་དང་འཐབ་ཇུས་ཀྱི་ཁེ་ཕན་དང་འཚམ་པ་ཞིག་རེད”ཅེས་ཡེ་ཤིན་ཆིང་གིས་བརྗོད།

སྲན་ཆེན་དཔེར་བཞག་ན་ཟ་སྣུམ་དང་སྤྲི་དཀར་གཟན་ཆག་གི་དགོས་མཁོ་རྒྱུན་མཐུད་ཤུགས་ཆེ་རུ་འགྲོ་བ་དང་བསྟུན་རང་རྒྱལ་གྱི་སྲན་ཆེན་ཐོན་སྐྱེད་དང་དགོས་མཁོའི་ཧེ་བག་ཏུན་ཁྲི་9000ལྷག་ཙམ་ཟིན་གྱི་ཡོད་པས་85%ཙམ་གྱི་སྲན་ཆེན་ནང་འདྲེན་བྱེད་དགོས་ཀྱི་ཡོད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གྲོང་གསེབ་འཕེལ་རྒྱས་ཞིབ་འཇུག་སོའོ་ཡི་ཞིབ་འཇུག་པ་ལི་གོ་ཞང་གིས་ཉེ་བའི་ལོ་ཤས་རིང་སྲན་ཆེན་སོགས་ཞིང་ལས་ཐོན་ཟོག་གི་རྒྱལ་ནང་གི་ཐོན་ཚད་མང་དུ་ཕྱིན་པ་དང་དུས་མཚུངས་ནང་འདྲེན་བྱེད་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད། དེ་ནི་ཕྱོགས་གཉིས་ལ་ཕན་པ་ཐོབ་པའི་རྣམ་པ་ཞིག་རེད་ཅེས་བརྗོད། “ཞིང་ལས་ཐོན་ཟོག་སྣ་མང་ཅན་གྱི་ནང་འདྲེན་བྱ་ཐབས་མང་དུ་གཏོང་བ་དང་ཞིང་ལས་ཐོན་ཟོག་ནང་འདྲེན་བྱེད་ས་མང་དུ་བཏང་བ་དེས་འཛད་སྤྱོད་པའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བས་ཞིང་ལས་ཐོན་ཟོག་རྒྱ་ཆེ་རུ་དང་སྤུས་ཚད་མཐོ་རུ་གཏོང་བར་བཏོན་པའི་དགོས་མཁོ་གསར་པ་དེ་བས་ལེགས་པའི་ངང་བསྐོངས་ནས་རྒྱལ་ནང་གི་ཞིང་ལས་ཐོན་ཟོག་དཀོན་པ་དང་མཁོ་སྤྲོད་མི་འདང་བའི་གནད་དོན་ཐག་གཅོད་བྱེད་ཐུབ”ཅེས་ལི་གོ་ཞང་གིས་བརྗོད།

རིགས་གཅིག་མཁས་ཅན་གྱིས་ཞིང་ལས་ཐོན་ཟོག་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་དང་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་ནི་རང་རྒྱལ་གྱི་ཞིང་ལས་ཁྱབ་ཁོངས་སུ་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱེད་པའི་སྲིད་ཇུས་ཀྱི་སྟོན་ཕྱོགས་ཤིག་རེད། དུས་རབས་གསར་པར་སླེབས་རྗེས་རང་རྒྱལ་གྱི་ཞིང་ལས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་དེ་ཡང་ཕྱོགས་མང་པོའི་ཐད་ནས་སྒོ་མོ་འབྱེད་པའི་དུས་མཚམས་གསར་པར་སླེབས་ཡོད། འབྱུང་འགྱུར་རང་རྒྱལ་གྱིས་ཞིང་ལས་འཕེལ་རྒྱས་ལ་ཐོན་ཁུངས་གཉིས་དང་ཁྲོམ་ར་གཉིས་གང་མང་སྤྱོད་རྒྱུ་དང་། རྒྱལ་སྤྱིའི་ཞིང་ལས་ཐོན་ཟོག་ཁྲོམ་ར་དང་ཕྱི་རྒྱལ་གྱི་ཞིང་ལས་ཐོན་ཁུངས་ལ་བརྟེན་ནས་ཞིང་ལས་ཐོན་ཟོག་ཐད་ཀྱི་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བའི་མི་རྣམས་ཀྱི་དགོས་མཁོ་བསྐངས་ནས་རང་རྒྱལ་གྱི་ཞིང་ལས་འཕེལ་རྒྱས་ལ་སྐུལ་མ་གཏོང་དགོས་ཞེས་བརྗོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།