སློབ་གསོ་པུས2019ལོར《དགེ་རྒན་གྱི་བཅའ་ཁྲིམས》བཟོ་བཅོས་རྒྱག་འགོ་འཛུགས་རྒྱུ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2019ལོར། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཡོངས་རང་བཞིན་གྱི་ལམ་ལུགས་ཇུས་འགོད་སྒྱུར་བཅོས་བྱས་ཏེ《དགེ་རྒན་གྱི་བཅའ་ཁྲིམས》བཟོ་བཅོས་རྒྱག་འགོ་འཛུགས་རྒྱུ་དང་དུས་རབས་གསར་པའི་མཐོ་སློབ་དང་ལས་རིགས་སློབ་གསོའི་དཔུང་ཁག་འཛུགས་སྐྱོང་དང་སྒྱུར་བཅོས་ཀྱི་སྲིད་ཇུས་ཡིག་ཆ་སོགས་ཞིབ་བཟོ་བྱ་རྒྱུ་ཡིན་པ་དེ་ནི་གསར་འགོད་པར་ཉེ་ཆར་སློབ་གསོ་པུའུ་ཡིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ལོ་གཅིག་གི་གོང་དུ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་དང་ལོ་གཅིག་ལྷག་ཙམ་རིང་ས་གནས་ཁག་གིས་དོན་འཁྱོལ་ཧུར་ཐག་བྱས་ཤིང་། མིག་སྔའི་བར་ཞིང་ཆེན་30ཡིས་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྤུས་ཚད་མཐོ་བའི་ལག་བསྟར་བསམ་འཆར་བཏོན་པ་རེད།

“དགེ་འོས་སློབ་གསོ་ཞན་འགྱུར་གྱི་གནད་དོན་ལ་དམིགས་ནས་ཧྥུའུ་ཅན་ཞིང་ཆེན་གྱིས་དགེ་འོས་སློབ་གྲྭའི་དགེ་འོས་རིགས་ཀྱི་ཆེད་ལས་ཀྱི་སློབ་གྲྭར་ཡོད་མུས་སློབ་མ་རྩ་དོན་ཐོག་ནས་གསུམ་ཆ་གཅིག་ལས་མི་ཉུང་བ་བྱེད་དགོས་ལུགས་བཏོན་ཡོད”ཅེས་ཧྥུའུ་ཅན་ཞིང་ཨུད་ཀྱི་སློབ་གསོ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་ཞིང་ཆེན་སློབ་གསོ་ཐིང་གི་ཐིང་ཀྲང་ལིན་ཧོ་ཕིང་གིས་ངོ་སྤྲོད་བྱས་པ་དང“དུས་མཚུངས་དགེ་འོས་ཆེད་ལས་སློབ་མར་དངུལ་སྤྲོད་པའི་ཚད་གཞི་ཆ་སྙོམས་50%སྤར་ནས་དགེ་འོས་སློབ་གླིང་གི་ཚོད་སྐོར་བྱེད་པའི་ནང་དགེ་འོས་ཆེད་ལས་ཀྱི་ཚོད་སྐོར་རྣམ་གྲངས་ཁ་སྣོན་བྱས་ཏེ་དགེ་འོས་རིགས་ཀྱི་ཆེད་ལས་ངོས་འཛིན་ཁས་ལེན་བྱེད་པ་དང་འབྲེལ་དགེ་འོས་རིགས་ཀྱི་སློབ་བསྡུ་སྒྱུར་བཅོས་དང་། དངོས་གཞི་དང་ཤེས་རམས་པ་གཞི་གཅིག་ཅན་གསོ་སྐྱོང་བྱེད་སྟངས་འཚོལ་ཞིབ། དགེ་འོས་རིགས་ཀྱི་ཆེད་ལས་ཀྱི་བྱ་དགའི་དངུལ་གྱི་ཚད་གཞི་མཐོ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་ཕུལ་བྱུང་སློབ་མས་དགེ་འོས་ཆེད་ལས་ལ་མིང་ཐོ་འགོད་རྒྱུར་བློ་སྣ་ཁྲིད་ཡོད”ཅེས་བརྗོད།

ཅང་ཤིས་ཞིང་ཆེན་ཅིས་ཨན་གྲོང་ཁྱེར་ཅིས་ཀྲོའུ་ཆུས་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་མོའུ་ཅུན་གྱིས“ཅིས་ཀྲོའུ་ཆུས་ཀྱིས་གོ་མིང་སྒྱུར་བཅོས་གཏིང་ཟབ་ཏུ་ཧུར་ཐག་བཏང་ནས་གྲོང་གསེབ་ཀྱི་དགེ་རྒན་ལ་གཟིགས་སྐྱོང་བྱས་ཏེ་འབྲིང་རིམ་དང་མཐོ་རིམ་དགེ་རྒན་གྱི་ལས་གནས་རིམ་བཞིན་མང་དུ་བཏང་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭའི་ལས་གནས་ཀྱི་གྲུབ་ཆའི་བསྡུར་ཚད་སྤྱི་ཡོངས་ནས་དོ་སྙོམས་བྱུང་ཡོད། གྲོང་ཚོའི་སློབ་ཆུང(སློབ་ཁྲིད་ས་ཚིགས)དུ་ལོ་བརྒྱད་བསྟུད་མར་དགེ་རྒན་བྱས་ཚེ་འབྲིང་རིམ་གོ་མིང་དང་ལོ་15བྱས་ཚེ་མཐོ་རིམ་གི་གོ་མིང་རེ་ཞུ་བྱས་ཆོག་ཅིང་། གཞི་རྩའི་ཆ་རྐྱེན་དང་མཐུན་ཚེ་དཔྱད་ཞིབ་གཏན་འཁེལ་བྱས་པ་བརྒྱུད་དེ་མཚུངས་ཀྱི་འབྲིང་རིམ་དང་མཐོ་རིམ་གོ་མིང་གི་གླ་ཆའི་ཐོབ་ཐང་ལོངས་སུ་སྤྱོད་ཆོག་གི་ཡོད”ཅེས་ངོ་སྤྲོད་བྱས།

ངོ་སྤྲོད་བྱས་པར་གཞིགས་ན། 2019ལོར་སློབ་གསོ་པུའུ་ཡིས་རྩེ་རིམ་ཇུས་འགོད་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་དུས་རབས་གསར་པའི་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བསམ་འཆར་འདོན་རྒྱུ་དང་ས་ཁུལ་ཁག་དང་སློབ་གྲྭ་ཁག་གིས་དགེ་རྒན་གྱི་ལས་རིགས་བྱ་སྤྱོད་ཚད་གཞི་ལག་བསྟར་གཏིང་ཟབ་བྱ་རྒྱུར་སྐུལ་ལྕག་བཏང་ནས་ལམ་ལུགས་དང་བྱེད་ཐབས་ཞིབ་ཚགས་བཟོས་ཏེ་ཚད་གཞིའི་བླང་བྱ་དེ་དགེ་རྒན་གྱི་བྱ་སྤྱོད་ཕྱོགས་སྟོན་དང་ཚོད་འཛིན་གྱི་མཐའ་ཚད་དུ་འགྱུར་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།