ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ནས་དཔྱིད་གསར་གོང་དུ་པེ་ཅིང་གི་གཞི་རིམ་ལས་བྱེད་མང་ཚོགས་ཚོར་འཚམས་འདྲི་གནང་བ།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།     སྤེལ་དུས། : 2019-02-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124077511_15490535818731n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་ཤར་ལ་ཉེ་བའི་མཚམས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་པེ་ཅིང་གི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཚོར་འཚམས་འདྲི་གནང་བར་ཕེབས་པ་དང་། པེ་ཅིང་དགུན་དུས་ཨའོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨའོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་ལ་རྟོག་ཞིབ་གནང་བ་མ་ཟད་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་གྱི་སྨོན་འདུན་དང་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུས་གནང་བ་དང་། རླབས་ཆེའི་མེས་རྒྱལ་བཀྲ་ཤིས་མངའ་ཐང་རྒྱས་པའི་སྨོན་འདུན་ཡང་ཞུས་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་ཡང་པེ་ཅིང་དགུན་དུས་ཨའོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨའོ་རྩལ་འགྲན་ཚོགས་ཀྱི་གྲབས་གཉེར་ལས་དོན་ལ་རྟོག་ཞིབ་གནང་བར་མཉམ་དུ་ཕེབས་ཡོད་པ་རེད།

དགུན་དུས་ཀྱི་པེ་ཅིང་ནམ་མཁའ་སྔོ་ཞིང་ཉི་འོད་རབ་ཏུ་འཚེར། སྤྱི་ཟླ་གཉིས་པའི་ཚེས་གཅིག་ཉིན། ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཆི་དང་གྲོང་སྤྱི་ཁྲེན་ཅེའི་ཉིང་གི་ཕེབས་རོགས་འོག ལས་ཁུངས་དང་སྡེ་ཁུལ། དགུན་དུས་སྦྱོང་བརྡར་ལྟེ་གནས་སོགས་སུ་རྟོག་ཞིབ་གནང་བར་ཕེབས་ཏེ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ཚོར་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་འཚམས་འདྲི་ཞུས་ཡོད།

སྔ་དྲོ་ཞི་ཅིན་ཕིང་སྔོན་ལ་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུད་དུ་ཕེབས་པ་དང་། ཁོང་གིས་མཉམ་འདྲེས་དམག་འཐབ་བཀོད་འདོམས་ལྟེ་གནས་དང་བཀོད་འདོམས་ཚོམས་ཆེན་ནས་བརྙན་ཤེལ་བརྒྱུད་དེ་བཀོད་འདོམས་མངགས་གཏོང་དང་། སྐོར་ཞིབ། བརྙན་མཐོང་ལྟ་ཞིབ། ས་ཁོངས་ཉེན་དོན་མཉམ་ལས་དང་པེ་ཅིང་དང་ཐན་ཅིན་ཧོ་པེ་བཅས་ཀྱི་ཉེན་དོན་མཐུན་སྦྱོར་གོང་འཕེལ་སོགས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། བཀོད་འདོམས་ཚོམས་ཆེན་དུ་ཞི་ཅིན་ཕིང་གིས་འཐབ་ས་དང་པོར་ལས་འགན་བསྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པར་བརྙན་མཐོང་སྦྲེལ་མཐུད་བྱས་ཏེ། ཁོང་ཚོར་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་བ་དང་། ཁོང་ཚོས་བདེ་འཇགས་ལ་ཡིད་གཟབ་དང་གཟུགས་པོར་བདག་གཅེས་བྱ་རྒྱུའི་མངགས་བྱ་གནང་བ་མ་ཟད་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྤྱི་བདེའི་ལས་བྱེད་ཉེན་རྟོག་པར་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས་ཡོད། པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུད་ཀྱི་ཐོག་བརྩེགས་དང་པོའི་ཚོམས་ཆེན་དུ་ཞི་ཅིན་ཕིང་ནས་སྤྱི་བདེའི་དཔའ་བོའི་དཔེ་བཟང་མི་སྣ་དང་ལས་བྱེད་ཉེན་རྟོག་པའི་འཐུས་མི་དང་རེ་རེ་བཞིན་ཕྱག་བཏང་གནང་ཡོད། ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་ནས་དུས་ཆེན་རིང་རྒྱལ་ཡོངས་དང་ལྷག་པར་དུ་རྒྱལ་སའི་ས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་ཐད་ཐུགས་ཁུར་ཆེན་པོ་བྱེད་ཀྱི་ཡོད། དེ་ནི་མི་དམངས་མང་ཚོགས་རྣམས་དགའ་དགའ་སྐྱིད་སྐྱིད་ངང་ལོ་གསར་དགའ་གཏོང་ཐུབ་པའི་ཆེད་དུ་རེད། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་ཞིག་ཡིན་པས། རྒྱལ་སའི་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པར་པེ་ཅིང་གྲོང་ཁྱེར་གྱི་ངོས་ནས་བརྗོད་ན་དེ་ནི་གཟི་བརྗིད་ལྡན་པའི་འོས་འགན་ཞིག་རེད་ལ། དེའི་འགན་འཁྲི་ལྕི་ཞིང་། ལས་འགན་དཀའ་ཚེགས་ཆེ་བ་ཞིག་རེད། ཕྱོགས་ཁག་གི་ལས་དོན་ལ་གཅིག་གྱུར་སྐུལ་འདེད་བཏང་ནས་ལས་འགན་ཁག་ལེགས་གྲུབ་ཡག་པོ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་རྣམས་གནས་བཟོད་བདེ་པོ་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

1124077511_15490548853531n.jpg

ཞི་ཅིན་ཕིང་གིས། ཁྱེད་རང་ཚོས་ལས་འགན་ལེགས་སྒྲུབ་ཐུབ་པའི་ཡིད་ཆེས་ཡོད། ངས་ཀྱང་འདི་ནས་ཁྱེད་རང་ཚོ་བརྒྱུད་དེ་པེ་ཅིང་གྲོང་ཁྱེར་སྤྱི་བདེ་ཅུད་དང་། དེ་བཞིན་རྒྱལ་ཡོངས་ཀྱི་སྤྱི་བདེའི་འཐབ་ཕྱོགས་སུ་ཡོད་པའི་བློ་མཐུན་རྣམས་ལ་དཔྱིད་གསར་གྱི་སྨོན་འདུན་ཞུ་རྒྱུ་ཡིན། ལྷན་རྒྱས་རྣམས་ལོ་གསར་པའི་ནང་སྐུ་ཞུགས་གསལ་ཐང་དང་། ཁྱིམ་ཚང་བདེ་སྐྱིད། ལས་དོན་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ལ། ཏང་ཀྲུང་དབྱང་དང་པེ་ཅིང་གྲོང་ཨུད། པེ་ཅིང་མི་དམངས་བཅས་ཀྱིས་ཁྱེད་ཚོར་སྤྲད་པའི་གཟི་བརྗིད་ལྡན་པའི་ལས་འགན་ལེགས་གྲུབ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

དཔྱིད་གསར་དུས་ཆེན་སླེབས་མཚམས་སུ། པེ་ཅིང་གྲོང་ཁྱེར་ནང་གང་སར་ལོ་གསར་གྱི་རྣམ་པས་ཕྱུག་ཅིང་། ཁྲོམ་གཞུང་གང་སར་བཀྲ་ཤིས་ལྒང་ཞུ་བཀལ་ཡོད་པ་དང་། ཁྱིམ་ཚང་ཀུན་གྱིས་བཀྲ་ཤིས་དཔྱིད་གསར་བསུ་བཞིན་ཡོད། ཞི་ཅིན་ཕིང་ཆན་མོན་ཤར་ཁུལ་དུ་ཕེབས་ནས་ཚའོ་ཁྲང་ལམ་བཞིའི་སྲང་ལམ་བརྒྱུད་དེ་ཞབས་ཐང་མར་སྲང་ལམ་གྱི་རྣམ་པར་གཟིགས་ཞིབ་གནང་ཞོར། ས་ཁོངས་འཆར་འགོད་འཛུགས་སྐྲུན་དང་། གྲོང་ཁུལ་རྙིང་པར་སྲུང་སྐྱོབ། མི་སྡོད་ཁོར་ཡུག་ལེགས་བཅོས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ཞུས་པར་གསན་ཡོད། ཆན་མོན་ཤར་ཁུལ་ནི་པེ་ཅིང་གྲོང་ཁུལ་རྙིང་པའི་ལོ་རྒྱུས་ཤུལ་བཞག་ཁུལ་གལ་ཆེན་ཞིག་དང་། དེ་ནི་པེ་ཅིང་གི་སྟོང་ལོའི་ལོ་རྒྱུས་ལྡན་པའི་གནའ་བོའི་རྒྱལ་སའི་རིག་གནས་ཉམས་འགྱུར་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གིས་པེ་ཅིང་གྲོང་ཁྱེར་གྱིས་གནའ་གྲོང་སྲུང་སྐྱོབ་དང་བཅོས་སྒྲིག་བྱེད་པའི་བསམ་ཕྱོགས་དང་བྱེད་སྟངས་ལ་ཁས་ལེན་གནང་ཡོད། ཁོང་གིས། གྲོང་ཁྱེར་ཞིག་གི་ལོ་རྒྱུས་ཤུལ་བཞག་དང་རིག་གནས་གནའ་ཤུལ། མི་ཆོས་རིག་གནས་ཀྱི་ཉམས་འགྱུར་བཅས་ནི་གྲོང་ཁྱེར་དེའི་བླ་སྲོག་གི་གྲུབ་ཆར་གྲུབ་ཡོད། རིག་གནས་ཀྱི་ཉམས་འགྱུར་བརླག་ཚེ་གྲོང་ཁྱེར་འཛུགས་སྐྲུན་གང་འདྲ་བྱས་རུང་དེར་གསོན་ཤུགས་ལྡན་མི་སྲིད། དེར་བརྟེན། གྲོང་ཁུལ་རྙིང་པ་བསྒྱུར་བཀོད་ལེགས་བཅོས་བྱ་རྒྱུ་དེ་ལོ་རྒྱུས་ཤུལ་བཞག་དང་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུ་དང་ཟུང་འབྲེལ་ཐུབ་པ་བྱེད་པར་གཅིག་ནས་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་དགོས་ལ། གཉིས་ནས་ལོ་རྒྱུས་རིག་གནས་ཀྱི་ཉམས་འགྱུར་སྲུང་སྐྱོབ་ཀྱིས་ལོ་རྒྱུས་རིག་གནས་དང་དེང་རབས་འཚོ་བ་གཉིས་གཞི་གཅིག་ཏུ་འདྲེས་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

སྔོན་ཆད་ཚའོ་གྲང་སྲང་ལམ་གྱི་སྡོད་ཁང་ཆ་རྐྱེན་ཞན་པོ་ཡོད། ཡིན་ནའང་ད་ལྟ་སྒྱུར་བཅོས་བྱས་པའི་རྗེས། སྡོད་ཁང་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱུང་ཡོད། དེའི་ཐོག་ནས་པེ་ཅིང་རྙིང་པའི་རྣམ་པ་གསར་པ་དང་། སྲང་ལམ་རྙིང་པའི་འཚོ་བ་གསར་པ་མངོན་ཐུབ། ཞི་ཅིན་ཕིང་སྔ་རྗེས་སུ་གྲོང་མིའི་སྒོ་ར་གཉིས་སུ་ཕེབས་ནས། གྲོང་ཁུལ་རྙིང་པ་སྒྱུར་བཅོས་བྱས་པའི་རྗེས་གྲོང་མིའི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱུང་བའི་གནས་ཚུལ་ལ་མཁྱེན་རྟོགས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས། ཚང་མ་སེམས་འགུལ་ཆེན་པོ་ཐེབས་བཞིན། སྤྱི་ཁྱབ་ཧྲུའུ་ཅིར་ཁམས་བདེའི་འཚམས་འདྲི་ཞུས་ཡོད།

1124077511_15490535818801n.jpg

ཞི་ཅིན་ཕིང་གིས་ཁོང་ཚོས་འཚོ་བ་གང་འདྲ་སྐྱེལ་མིན་དང་། དགུན་དུས་སུ་བྱ་ཐབས་གང་བེད་སྤྱད་ནས་དྲོད་ལེན་པ། ཟླ་རེའི་གློག་རིན་ག་ཚོད་དགོས་མིན། ལོ་གསར་གྱི་ཅ་དངོས་གྲ་སྒྲིག་ཚར་མིན་སོགས་ཀྱི་ཐད་བཀའ་འདྲི་ཞིབ་ཕྲ་གནང་ནས། ཁོང་ཚོ་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་རྒྱུ་ཡོང་བའི་སྨོན་འདུན་ཞུས་གནང་ཡོད། གྲོང་མི་ཧའུ་ཡ་མིང་གིས་ཡུལ་དངོས་སུ་དཔྱིད་གསར་ཤིས་ཚིག་ཅིག་བྲིས་ནས་སྤྱི་ཁྱབ་ཧྲུའུ་ཅིར་ལོ་གསར་གྱི་འཚམས་འདྲི་ཞུས་ཡོད། ཞི་ཅིན་ཕིང་སྐུ་ངོ་མས་ཐུགས་དགྱེར་ཚོར་ཆེན་པོས་རྒྱ་ཡིག་“福”་ཞེས་པའི་ཡིག་འབྲུ་དེ་བསྣམས་ནས་སྒོའི་ཐོག་ཏུ་སྦྱར་བ་དང་། དེ་གའི་གྲོང་མི་རྣམས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་གནང་ཡོད།

ཀྲུའུ་མའོ་ཅིན་གྱི་ཁྱིམ་དུ། ཞི་ཅིན་ཕིང་དང་ཁོང་ཚོ་ཁྱིམ་མི་རྣམས་ཀྱིས་ཅའོ་ཙེ་སྒྲིལ་གནང་བ་དང་། ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་ཐད་བཀའ་འདྲི་སོགས་གནང་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིར། ལོ་འདི་དག་ནང་། གྲོང་ཁུལ་རྙིང་པ་སྒྱུར་བཅོས་བྱས་པའི་རྗེས། གནས་སྡོད་ཆ་རྐྱེན་དང་འཚོ་བའི་ཁོར་ཡུག་ལ་ལེགས་བཅོས་ཆེན་པོ་བྱུང་སོང་བས། ཚང་མས་གུང་ཁྲན་ཏང་ལ་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་ཡོད། ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གིས་གྲོང་ཁུལ་རྙིང་པ་དང་སྡོད་ཁང་ཐབ་ཆག་ཁུལ་གྱི་སྒྱུར་བཅོས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། དེ་ལྟར་བྱེད་དགོས་དོན་ཡང་ཚང་མའི་སྡོད་ཁང་སྔར་བས་སྐྱིད་སྣང་དོད་པ་དང་། འཚོ་བ་སྔར་བས་མཛེས་སྡུག་ལྡན་པ་ཡོང་ཆེད་ཡིན་པ་དང་། ཚང་མས་སེམས་ཁུར་བྱེད་པའི་དོན་དངོས་གནད་དོན་ཐག་གཅོད་བྱས་ནས། ཁྱེད་ཚོས་སྲང་ལམ་ནང་དུའང་དེང་རབས་ཀྱི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་དེ་རེད་ཅེས་ནན་སྟོན་གནང་ཡོད།

ཚའོ་གྲང་སྲང་ལམ་བཞི་པའི་སྒོ་རའི་གྲོས་དོན་ཐིང་དང་སྡེ་ལས་ཞབས་ཞུ་ས་ཚིགས་ནི། སྡེ་ཁུལ་གྱི་སྤྱི་པའི་བྱ་དོན་གྲོས་བསྡུར་བྱེད་སའི་སྟེགས་བུ་ཞིག་ཡིན་ལ། སྡེ་ཁུལ་ཞབས་ཞུའི་འགན་ནུས་གལ་ཆེན་འཁྱེར་གྱི་ཡོད། ཞི་ཅིན་ཕིང་གིས་དེ་ལྟ་བུའི་བྱེད་སྟངས་ལ་བསྔགས་བརྗོད་གནང་གི་ཡོད། ཞི་ཅིན་ཕིང་གིས་གནས་ཚུལ་ལ་གྲོས་བསྡུར་གནང་བཞིན་པའི་གྲོང་མི་རྣམས་དང་བྱམས་བརྩེའི་བཀའ་མོལ་གནང་ནས། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་གནམ་ས་བླ་འོག་ཏུ་གྱུར་བ་ལྟ་བུའི་འཕོ་འགྱུར་ལ་ཕྱིར་དྲན་གནང་ཡོད། ཁོང་གིས། སྒོ་རའི་གྲོས་དོན་ཐིང་བཙུགས་པ་དང་། གྲོང་མིའི་གནས་ཚུལ་གྲོང་མི་སོ་སོས་གྲོས་བསྡུར་དང་། གྲོང་མིའི་གནས་ཚུལ་གྲོང་མི་སོ་སོས་གཏན་འཁེལ་བྱེད་པ་དེས། སྡེ་ཁུལ་གྲོང་མིའི་ཁོངས་ཚུད་སེམས་པ་དང་། མི་སྣ་གཙོ་བོའི་འདུ་ཤེས་ཤུགས་ཆེར་འགྲོ་རྒྱུ། སྡེ་ཁུལ་བཅོས་སྒྲིག་དང་ཞབས་ཞུ་གནད་འཕིགས་ཅན་དང་། ཞིབ་ཚགས་ཅན་གྱི་ཆུ་ཚད་གོང་མཐོར་འགྲོ་རྒྱུར་ཕན་ཐོགས་ཡོད་པ་བསྟན་གནང་ཡོད། ཞི་ཅིན་ཕིང་གིས་དེ་གའི་གྲོང་མི་རྣམས་འཚོ་བའི་ཁོར་ཡུག་གསར་པར་འཕྲོད་པ་བྱ་རྒྱུ་དང་། དཔལ་ཡོན་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་གོམས་གཤིས་སུ་འཇགས་པ་བྱ་རྒྱུ། གད་སྙིགས་རིགས་དབྱེ་དང་། ཁོར་ཡུག་འཕྲོད་སྟེན་ལེགས་པོ་བྱ་རྒྱུ་བཅས་ཀྱི་ཐད་ཐུགས་རེ་གནང་ཡོད། དེ་རྗེས་མུ་མཐུད། ཞི་ཅིན་ཕིང་སྡེ་ལས་ཞབས་ཞུ་ས་ཚིགས་སུ་ཕེབས་ནས། སྲང་ལམ་དང་། སྡེ་ཁུལ་ལས་བྱེད་མི་སྣ། སྡེ་ལས་མི་སྣ་བཅས་ལ་འཚམས་འདྲི་ཞུས་པ་དང་། ཁོ་ཚོས་ལས་གནས་བརྟན་སྲུང་དང་། མང་ཚོགས་དང་གཅིག་སེམས་གཅིག་ཏུ་སྒྲིལ་ནས། ཚང་མས་དུས་བདེ་ཞི་ལྷོད་ཀྱི་དཔྱིད་གསར་དུས་ཆེན་ཞིག་གཏོང་རྒྱུར་ཞབས་ཞུ་སྒྱུབ་རྒྱུའི་ཐུགས་རེ་གནང་ཡོད།

ཚའོ་གྲང་སྲང་ལམ་བཞི་པ་ནས་ཕྱིར་ཕེབས་སྐབས། ཉེ་ཁོར་གྱི་གྲོང་མིས་སྲང་ལམ་ཁེངས་ཡོད་པ་དང་། ཚང་མས་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ནས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཡོད། ཞི་ཅིན་ཕིང་གིས་ཚང་མར་ལོ་གསར་གྱི་འཚམས་འདྲི་ཞུས་གནང་བ་མ་ཟད། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ངས་ཁྱེད་ཚོ་དང་ཁྱེད་ཚོ་བརྒྱུད་ང་ཚོ་པེ་ཅིན་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུ་རྒྱུ་ཡིན། ང་ཚོའི་མི་དམངས་རྣམས་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་ཟམ་མི་ཆད་པར་སྐྱེལ་རྒྱུ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ལ། ང་ཚོའི་རྒྱལ་ཁབ་སྔར་བས་དར་རྒྱས་འབྱོར་ཕྱུག་ལྡན་པར་འགྱུར་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན། ཚང་མ་ཁྱིམ་ཚང་འཆམ་མཐུན་དང་དཔྱིད་གསར་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་གནང་ཡོད།

1124077511_15490535818891n.jpg

ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཞལ་གྱེས་སྐབས། ཁྲོམ་ལམ་གྱི་གཡས་གཡོན་དུ་མང་ཚོགས་ཀྱིས་ཁེངས་ཡོད་པ་དང་། ཚང་མས་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་ཡོད་པ་རེད། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་ཞལ་གྱེས་ཞུས་ཡོད་པ་རེད།

ཕྱིར་ལོག་གནང་བའི་ལམ་བར་དུ། ཞི་ཅིན་ཕིང་རླངས་འཁོར་ནས་བབ་གནང་སྟེ་ལམ་འགྲམ་གྱི་ཟ་ཁང་ཆུང་ཆུང་ཞིག་ཏུ་ཕེབས་པ་དང་། ཟ་ཁང་གི་བདག་པོ་དང་མགྲོན་པོ་རྣམས་ལ་བཀའ་མོལ་གནང་ནས། ཚོང་གང་འདྲ་ཡོད་མེད་དང་། ཟས་ཀྱི་རྒྱུ་ཆ་གང་ནས་ཉོས་མིན། བྲོ་བ་གང་འདྲ་ཡོད་མེད་བཅས་མཁྱེན་རྟོགས་གནང་བ་དང་། ཆབས་ཅིག་ཁོ་ཚོའི་ཚོང་ཡག་པོ་ཡོང་བའི་སྨོན་འདུན་ཞུས་གནང་འདུག དེ་རྗེས་ཞི་ཅིན་ཕིང་ཉེ་འཁོར་གྱི་མྱུར་སྐྱེལ་ཞབས་ཞུ་ས་ཚིགས་ཤིག་ཏུ་ཕེབས་ནས། དེ་གར་ལས་ཀ་བྱེད་བཞིན་ཡོད་པའི་མྱུར་སྐྱེལ་བར་གཟིགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་རྗེས་ལས་ཀ་བྱེད་བཞིན་པའི་མྱུར་སྐྱེལ་བ་རྣམས་དགའ་སྤྲོ་ཆེན་པོ་བྱུང་ཡོད། ཞི་ཅིན་ཕིང་གིས་ཁོང་རྣམ་པར་རེ་རེ་བཞིན་ཕྱག་བཏང་གནང་བ་དང་། ཁོ་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་ཟད་ཁོང་ཚོ་དཔྱིད་གསར་དུས་ཆེན་ལ་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་འདུག ཞི་ཅིན་ཕིང་གིས་མྱུར་སྐྱེལ་བའི་ལས་ཀ་དཀའ་ལས་ཁག་པོ་རེད། ཞོགས་སྔ་ལང་དང་དགོང་ཕྱི་ཉལ་བྱ་དགོས་པ་དང་། རླུང་འཚུབ་དྲག་ཆར་ཁྲོད་དུ་ལས་ཀ་བྱེད་དགོས་ཀྱི་ཡོད། ལྷག་པར་དུ་དུས་ཆེན་སླེབས་གྲབས་ཡོད་པའི་སྐབས་སུ་བྲེལ་བ་དེ་བས་ཆེ་བ་ཡོད། ཁོ་ཚོ་སྦྲང་ནོར་བུ་ཆུང་ཆུང་དང་འདྲ་བར་དཀའ་སྤྱད་ཀྱི་ངལ་རྩོལ་བྱས་ནས་ཚང་མའི་འཚོ་བར་སྟབས་བདེ་སྐྲུན་བཞིན་ཡོད་ཅེས་དང་། ཞི་ཅིན་ཕིང་གིས། ལས་ཞུགས་སྔོན་ལ་འཇོག་རྒྱུའི་འཐབ་ཇུས་རྒྱུན་འཁྱོངས་ཀྱིས། མི་དམངས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ལས་ཞུགས་ལས་གནས་དེ་བས་མང་བ་བསྐྲུན་དགོས་ཞེས་ནན་སྟོན་གནང་འདུག

ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀའི་ཐོག ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཧྲེ་ཅིང་ཧྲའུ་ཀང་གླིང་ཁུལ་དུ་ཕེབས་པ་དང་། རྒྱལ་སའི་ངར་ལྕགས་བཟོ་གྲྭའི་ཧྲེ་ཅིང་ཧྲན་གྱི་ལས་རིམ་གཙོ་བོ་ལས་མཚམས་བཞག་རྗེས། པེ་ཅིན་དགུན་དུས་ཨའོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་དེ་གར་བཙུགས་པ་རེད། ཞི་ཅིན་ཕིང་པེ་ཅིན་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་འགྲེམ་སྟོན་ཚོམས་ཆེན་དུ་ཕེབས་ནས་པེ་ཅིན་དགུན་དུས་ཨའོ་རྩལ་འགྲན་ཚོགས་དང་། དགུན་དུས་དབང་པོ་སྐྱོན་ཅན་ཨའོ་རྩལ་འགྲན་ཚོགས་གྲབས་གཉེར་ལས་དོན་དང་། འགྲན་ར་ཁག རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་བསྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

1124077511_15490535818861n.jpg

ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་གིན་བཀའ་འདྲི་གནང་བ་དང་། གྲབས་གཉེར་ལས་དོན་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་པ་མཁྱེན་རྟོགས་ཐུབ་ཡོད། ཁོང་གིས། པེ་ཅིན་གྱི་དགུན་དུས་ཨའོ་རྩལ་འགྲན་ཚོགས་དང་། དགུན་དུས་དབང་པོ་སྐྱོན་ཅན་ཨའོ་རྩལ་འགྲན་ཚོགས་ཡག་པོ་གཉེར་རྒྱུ་ནི་ཏང་དང་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་རེད། སྦགས་མེད་དང་། མཉམ་སྤྱོད། སྒོ་དབྱེ། སྤྱོད་གཙང་བཅས་ཀྱི་ཐོག་ནས་ཨའོ་རྩལ་འགྲན་ཚོགས་གཉེར་བའི་འདུ་ཤེས་ཁྱོན་ཡོངས་ནས་དོན་འཁྱོལ་ཡོང་བ་བྱས་ཐོག འགྲན་ར་དང་འགྲན་ཁང་གི་རྒྱུན་མཐུད་བེད་སྤྱོད་གནད་དོན་ལ་བསམ་གཞིགས་གང་ལེགས་བྱེད་པ་དང་། ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་སྒོ་ནས་གྲབས་གཉེར་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ཞེས་གསུངས་འདུག

ཡན་ཆིང་འགྲན་ཁུལ་གྱི་འགྲན་ར་དང་འགྲན་ཁང་དུས་ཚོད་དམ་འཛིན་གྱིས་འཛུགས་བསྐྲུན་བྱེད་བཞིན་ཡོད། ཞི་ཅིན་ཕིང་གིས་བརྙན་མཐོང་བརྒྱུད་འཛུགས་བསྐྲུན་པ་རྣམས་དང་འབྲེལ་བ་གནང་བ་ད་ང་། ཁོང་ཚོར་ལོ་གསར་གྱི་འཚམས་འདྲི་ཞུས་པ་མ་ཟད་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་འགྲན་རའི་འཛུགས་བསྐྲུན་པ་རྣམས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུས་གནང་འདུག ཞི་ཅིན་ཕིང་གིས། འགྲན་ར་དང་འགྲན་ཁང་འཛུགས་བསྐྲུན་ནི་པེ་ཅིན་དགུན་དུས་ཨའོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨའོ་རྩལ་འགྲན་ཚོགས་ལེགས་པར་གཉེར་བའི་གཙོ་གནད་ནང་གི་གཙོ་གནད་ཡིན། ཨའོ་རྩལ་འགྲན་ཚོགས་ཀྱི་ཚད་གཞི་རྒྱུན་འཁྱོངས་ཀྱིས། ལས་རིམ་ཁག་བཀོད་སྒྲིག་ཡག་པོ་དང་། འགྲན་ར་དང་འགྲན་ཁང་གསར་བསྐྲུན་དང་། བསྒྱུར་བཟོ། གལ་ཆེའི་ཆ་སྦྱོར་སྒྲིག་ཆས་ཀྱི་འཛུགས་བསྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཐོག དུས་བཀག་ལྟར་སྤུས་ཚད་འགན་ལེན་གྱི་ཐོག་ནས་འཛུགས་བསྐྲུན་གྲུབ་པ་དང་བེད་སྤྱོད་བྱ་རྒྱུར་འགན་སྲུང་བྱ་དགོས་པ། ཚན་རྩལ་དང་། རིག་ལྡན། སྦགས་མེད། གྲོན་ཆུང་བཅས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། སྔོན་ཐོན་གྱི་ཚན་རྩལ་བྱ་ཐབས་སྤྱོད་རྒྱུར་དོ་སྣང་། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ། འབྱུང་ཁམས་ཁོར་ཡུག་དང་རིག་གནས་གནའ་ཤུལ་ལ་སྲུང་སྐྱོབ་བཅས་བྱས་ནས། ཀྲུང་གོའི་ཉམས་ཆོས་མངོན་པ་བྱ་དགོས་ཞེས་གསུངས་འདུག

དགུན་དུས་ཨའོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་གཞུང་ལས་ཐོག་ཁང་དུ། ཞི་ཅིན་ཕིང་གིས་པེ་ཅིན་དགུན་དུས་ཨའོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ལས་མི་དང་དང་བླངས་པའི་འཐུས་མིར་གཟིགས་ཡོད་པ་རེད། ཞི་ཅིན་ཕིང་གིས། པེ་ཅིན་དགུན་དུས་ཨའོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨའོ་རྩལ་འགྲན་ཚོགས་གཉེར་རྒྱུ་ནི་གོ་སྐབས་ཤིན་ཏུ་ཐོབ་པར་དཀའ་བ་དང་། དོན་སྙིང་གལ་ཆེན་ལྡན་པ་ཞིག་ཡིན་ཞིང་། གང་དེ་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་དང་ཤིན་ཏུ་འཚམས་པར་གྱུར་ཡོད་པས། དུས་རབས་གསར་པའི་པེ་ཅིན་གྱི་གོང་འཕེལ་ལ་འགུལ་ཤུགས་གསར་སྣོན་བྱས་ཡོད་ཅེས་གསུངས་འདུག

1124077511_15490547886761n.jpg

དེའི་རྗེས། ཞི་ཅིན་ཕིང་རྒྱལ་ཁབ་དགུན་དུས་ཨའོ་རྩལ་འགྲན་ཚོགས་སྦྱོང་བརྡར་ལྟེ་གནས་སུ་ཕེབས་པ་དང་། ཐག་ཐུང་མྱུར་བཞུད་ཁང་དུ་འགྲེམ་བྱང་དང་ཟུང་འབྲེལ་གྱིས་མྱུར་བཞུད་དང་། གར་སྟབས་འཁྱག་བཤུད་ཀྱི་རྣམ་གྲངས་ངོ་སྤྲོད་ཞུས་པ་གསན་པ་དང་། དེ་རྗེས་འགྲན་ཁང་ནང་ཕེབས་ནས་རྒྱལ་ཁབ་མྱུར་བཞུད་རུ་ཁག་དང་། གར་སྟབས་འཁྱག་བཤུད་ཀྱི་གྲ་སྒྲིག་སྦྱོང་བརྡར་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ལུས་རྩལ་པ་རྣམས་ནས་འཁྱག་པའི་ཐོག་དཀའ་སྤྱད་སྦྱོང་བརྡར་བྱེད་པ་གཟིགས་རྗེས། ཞི་ཅིན་ཕིང་གིས་བསྔགས་བརྗོད་གནང་བ་དང་། ཁོ་ཚོར་ཚན་རིག་དང་མཐུན་པའི་ངང་སྦྱོང་བརྡར་བྱེད་པ་དང་། བདེ་འཇགས་ལ་ཡིད་གཟབ་བྱ་དགོས་པའི་མངགས་སྐུལ་གནང་འདུག ཞི་ཅིན་ཕིང་འཁྱག་ལྡིར་ཁང་དུ་ཕེབས་ནས་རྒྱལ་ཁབ་འཁྱག་ལྡིར་རུ་ཁག་གིས་འགྲན་བསྡུར་ལ་ཞུགས་པའི་སྟ་གོན་སྦྱོང་བརྡར་བྱེད་པར་གཟིགས་ཞིབ་གནང་ཡོད་པ་རེད། ལུས་རྩལ་པ་དང་། རྩལ་སློབ་པས་ཞི་ཅིན་ཕིང་ཕེབས་པ་གཟིགས་རྗེས། ཚང་མ་རུབ་ཡོང་བ་དང་། ཞི་ཅིན་ཕིང་ནས་ཁོ་ཚོས་ཤེས་ལྡན་མི་སྣ་འདེམས་སྒྲུག་གསོ་སྦྱོང་ཡག་པོ་བྱས་ནས། རྒྱལ་ཁབ་ལ་གཟི་བརྗིད་བརྩོན་ལེན་བྱ་དགོས་པ་དང་། གྲུབ་འབྲས་རྩེ་གྲ་གཏོད་པའི་སེམས་ཤུགས་བརྟན་དུ་གཏོང་དགོས་པ། དཀའ་སྤྱད་སྦྱོང་བརྡར་དང་། ནུས་ཤུགས་ཡོད་རྒུས་འགྲན་བསྡུར་གྱི་སྟ་གོན་བྱེད་པ། དཔའ་ངར་ཆེན་པོས་མཐོ་རྩེར་འཛེགས་ནས། འགག་གཏོར་གསར་པ་ཐུབ་པ་བྱ་དགོས་ཞེས་གསུངས་འདུག འཁྱག་ལྡིར་ཁང་གི་ཚོམས་ཆེན་མདུན་མའི་བྱེ་གཞོང་ནང་། ཧྲའུ་ཀང་བྱང་ཁུལ་དང་དགུན་དུས་ཨའོ་རྩལ་འགྲན་ཚོགས་ཀྱི་གངས་བཞུད་ཀྱི་མཆོངས་སྟེགས་ཆེན་མོའི་འཛུགས་བསྐྲུན་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་གཟིགས་གིན་དུ་བཀའ་འདྲི་ཡང་ཡང་གནང་ཡོད། ཁོང་གིས། ལུས་རྩལ་སྟོབས་ཆེར་གྱུར་ན་རྒྱལ་ཁབ་སྟོབས་ཆེར་འགྱུར་བ་དང་། རྒྱལ་ཁབ་སྟོབས་ཆེར་གྱུར་ན་རྒྱལ་ཁབ་སྟོབས་ཆེར་འགྱུར། ལུས་རྩལ་བྱ་གཞག་གོང་འཕེལ་གཏོང་རྒྱུ་དེ་ནི་ཀྲུང་གོའི་ཕུགས་འདུན་མངོན་གྱུར་གྱི་ནང་དོན་གལ་ཆེན་ཡིན་ལ། ད་དུང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་ཐུབ། ང་ཚོས་ཀྲུང་ཧྭ་ཡི་ལུས་རྩལ་སྙིང་སྟོབས་དར་སྤེལ་དང་། ལུས་རྩལ་གྱི་ཀུན་སྤྱོད་དར་སྲོལ་དར་སྤེལ་གྱིས། མང་ཚོགས་ལུས་རྩལ་དང་། ཡང་རྩལ་ལུས་རྩལ། ལུས་རྩལ་ཐོན་ལས་བཅས་མཐུན་སྦྱོར་གོང་འཕེལ་ཡོང་བ་བྱས་ནས། ལུས་རྩལ་སྟོབས་ཆེའི་རྒྱལ་ཁབ་འཛུགས་བསྐྲུན་མགྱོགས་སུ་གཏོང་དགོས་ཞེས་ནན་སྟོན་གནང་འདུག

རྟོག་ཞིབ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གིས་ལུས་རྩལ་པ་དང་། རྩལ་སློབ་པ། ལས་དོན་པ་བཅས་ལ་རེ་རེ་བཞིན་ཕྱག་བཏང་ནས་ཞལ་གྱེས་གནང་བ་དང་། ཚོགས་རར་དགའ་སྤྲོའི་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད་པ་རེད།

ཏིང་ཞོལ་ཞང་དང་། སུན་ཁྲུན་ལན་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ནས་ཕེབས་རོགས་ཞུས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།