ཀྲུང་གོ་བོད་ཀྱི་དྲ་བ།

དགོན་སེར་ནུབ་མ་དང་རྣམ་སྦྱིན་དགོན། དགའ་ལྡན་བྱིན་ཆགས་གླིང་བཅས་སུ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ30འཁོར་བར་རྗེས་དྲན་ཞུ་བའི་སྨོན་ཚོགས་གཟབ་རྒྱས་ངང་འཚོགས་པ།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།     སྤེལ་དུས། : 2019-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

དགོན་སེར་ནུབ་མའི་སྨོན་ཚོགས་ཀྱི་ཚོགས་ར་དངོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆོས་སྡེའི་མཁར་གྱི་བཀོད་པ་གནའ་ཉམས་དོད་ལ། ལྷ་ཁང་བརྗིད་ཆགས་ཤིང་། དུང་སྒྲ་དང་རྔ་བོ་ཆེའི་སྒྲ་ཕྱོགས་ཀུན་ལ་ཁྱབ། ཟླ1ཚེས28ཉིན་གྱི་སྔ་དྲོའི་ཆུ་ཚོད9པར། པེ་ཅིང་གི་དགོན་སེར་ནུབ་མ་དང་རྣམ་སྦྱིན་དགོན། དགའ་ལྡན་བྱིན་ཆགས་གླིང་དུ་དར་གྱི་བ་དན་གཡོ་ཞིང་བསང་དུད་དགུང་དུ་འཁྲིགས། དགེ་འདུན་པ་མང་པོ་གཅིག་ཏུ་འདུས་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ30འཁོར་བར་རྗེས་དྲན་ཞུ་བའི་སྨོན་ཚོགས་འཚོགས་ཏེ། རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ། རྒྱལ་དོན་གྱི་བྱེད་སྒོ་མཁས་ཅན། ཀྲུང་གོ་གུང་ཁྲན་ཏང་གི་བློས་ཐུབ་གྲོགས་པོ། ཀྲུང་གོའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་མཆོག་ལ་སེམས་གཏིང་ནས་དྲན་གསོ་ཞུས་པ་རེད།

རྗེས་དྲན་སྨོན་ཚོགས་ཀྱི་ཚོགས་ར་དངོས་སུ་སྒམ་ནན་རྔམ་བརྗིད་ལྡན་ལ་གོ་རིམ་ཚགས་སུ་ཚུད་པ་ཞིག་སྟེ། དེར་འདུས་དགེ་འདུན་པ་རྣམས་ནས་སྲོལ་རྒྱུན་གྱི་ཆོ་ག་ལྟར་ཞལ་འདོན་གནང་ཏེ་མི་ཕྱེད་སྙིང་ནས་བསྔོ་སྨོན་རྩེ་གཅིག་ཏུ་བཏབ།

སྔ་དྲོའི་ཆུ་ཚོད9པར་དགོན་སེར་ནུབ་མའི་ཉི་འོད་ཐོག་ཁང་དུ་ཆོས་ཀྱི་དུང་སྒྲ་དབྱིངས་སུ་འཁྱིལ་ཞིང་། རྔམ་བརྗིད་སྒམ་ནན་གྱི་རྣམ་པས་ཁེངས།

༢.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཞལ་འདོན་ལ་དབུ་མཛད་གནང་།

སྨོན་ཚོགས་ཐོག་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས་སྨོན་ཚོགས་ཀྱི་དབུ་མཛད་གནང་པ་དང་། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་འགོ་ཁྲིད་དང་དཔེ་ཁྲིད་དགེ་རྒན། སློབ་མ། ཆོས་ཕྱོགས་ལས་རིགས་ཀྱི་ལས་བྱ་བ་སོགས་ཁྱོན་མི་130ཙམ་སྨོན་ཚོགས་ལ་ཞུགས་ཡོད།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་བཀའ་ཆོས་གསུང་ཤིང་། འདུས་སྡེའི་དགེ་འདུན་པ་བརྒྱ་ཙམ་གྱིས་ལུས་ལ་ཆོས་གོས་མནབས་ནས་འདུ་ཁང་གི་གཞོགས་གཉིས་སུ་བཞུགས་གྲལ་བསྒྲིགས་ཏེ་རིན་པོ་ཆེ་མཆོག་གི་རྗེས་སུ་འབྲངས་ནས་《སྐྱབས་འགྲོ》དང་《འཇམ་དབྱངས་གང་བློ་མ》《པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡོན་ཏན་ལ་བསྟོད་པ》《པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཞབས་བརྟན་གསོལ་འདེབས》《 སྒྲོལ་དཀར་བསྟོད་པ》《དགེ་ལྡན་ལུགས་བཟང་རྒྱས་པའི་སྨོན་ལམ》 དེ་བཞིན《བསྟན་འབར་མ》《བར་ཆད་ལམ་སེལ》བཅས་ཞལ་འདོན་གནང་།

༣.jpg

ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་དཔེ་ཁྲིད་དགེ་རྒན་དང་སློབ་མའི་འཐུས་མིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་མཎྜལ་དང་སྐུ་གསུང་ཐུགས་རྟེན་འབུལ་བཞིན་པ།

ཞལ་འདོན་མཇུག་འགྲིལ་རྗེས། གླིང་གཞོན་མཐུ་སྟོབས་སེང་གེས་དཔེ་ཁྲིད་དགེ་རྒན་3དང་སློབ་མའི་འཐུས་མི་3སྣེ་ཁྲིད་དེ་སྒོ་གསུམ་གུས་པའི་སྒོ་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པར་མཎྜལ་དང་སྐུ་གསུང་ཐུགས་རྟེན་ཕུལ་པ་དང་།  པཎ་ཆེན་མཆོག་ནས་ཐུགས་སྣང་གཤིན་པོས་ཁོང་ཚོར་ཕྱག་དབང་གནང་།

༤.jpg

རྣམ་སྦྱིན་དགོན་པའི་སྨོན་ཚོགས་ཀྱི་ཚོགས་ར་དངོས།

༥.jpg

རྣམ་སྦྱིན་དགོན་པའི་སྨོན་ཚོགས་ཀྱི་ཡུལ་དངོས། (གཡོན་ནས་གཡས་སུ་རིམ་བཞིན། བཤེས་གཉེན་ཆེན་མོ་ཙུང་ཞིང་དང་བཤེས་གཉེན་ཆེན་མོ་ཡན་ཅུའེ། བཤེས་གཉེན་ཆེན་མོ་ཧུའུ་པ་ཏེང་ཏའེ་བཅས་སོ།)

རྣམ་སྦྱིན་དགོན་པར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་དང་པེ་ཅིང་ཐད་གཏོགས་དགོན་པའི་བཤེས་གཉེན་ཆེན་མོ་དང་ལས་བྱེད་པ། རྒྱལ་སའི་དད་ལྡན་པ་དང་དགེ་བསྙེན་བཅས་མི་བརྒྱ་ལ་ཉེ་བ་དེ་གར་འཛོམས་ནས། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ་30འཁོར་བར་རྗེས་དྲན་ཞུ་བའི་སྨོན་ཚོགས་གཟབ་རྒྱས་འཚོགས་པ་རེད། སྨོན་ཚོགས་སུ་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་ཙུང་ཞིང་དང་ཡན་ཅུའེ། ཧུའུ་པ་ཏེང་ཏའེ་བཅས་ཆེད་ཞུས་དབུ་མཛད་གནང་ཞིང་།  དྲུང་ཆེ་གཞོན་པ་ཧུང་ཏུའུ་ཡིས་རྗེས་དྲན་མཛད་སྒོ་གཙོ་སྐྱོང་གནང་པ་རེད། བཤེས་གཉེན་ཆེན་མོ་གསུམ་གྱིས་འདུས་སྡེའི་ཞལ་འདོན་ལ་དབུ་མཛད་དེ་མཛད་རིམ་ཁག་བདེ་བླག་ངང་ལེགས་འགྲུབ་བྱུང་བ་རེད།

༦.jpg

དགའ་ལྡན་བྱིན་ཆགས་གླིང་གི་སྨོན་ཚོགས་ཀྱི་ཡུལ་དངོས།

༧.jpg

དགའ་ལྡན་བྱིན་ཆགས་གླིང་གི་སྨོན་ཚོགས་ཀྱི་ཡུལ་དངོས།

སྔ་དྲོའི་ཆུ་ཚོད་8དང་སྐར་མ་30ཡི་སྟེང་། དགའ་ལྡན་བྱིན་ཆགས་གླིང་གི་སྨོན་ཚོགས་ཆེན་མོའི་ཚོགས་ར་དངོས་སུ་ཆོས་ཀྱི་དུང་སྒྲ་དབྱིངས་སུ་འཁྱིལ་ཞིང་བདུག་སྤོས་ཀྱི་དྲི་ཞིམ་ཕྱོགས་བཞིར་འཐུལ་བའི་ཁྲོད་དུ་དགེ་འདུན་པ་80ལྷག་ཙམ་ཆོས་འཁོར་ལྷ་ཁང་དུ་འཛོམས་ཐོག རྗེ་རིན་པོ་ཆེའི་སྐུ་བརྙན་མདུན་ངོས་ཕྱོགས་གཉིས་ཀྱི་ཚོགས་གདན་སྟེང་བཞུགས་ནས《བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ》《བཟང་པོ་སྤྱོད་པའི་སྨོན་ལམ》《བྱང་ཤམ་བྷ་ལར་སྐྱེ་བའི་སྨོན་ལམ》བཅས་ཞལ་འདོན་གནང་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལ་མི་ཕྱེད་སྙིང་ནས་རྗེས་དྲན་ཞུས་པ་རེད།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་སྐུ་ན་ཕྲ་བའི་དུས་ཀྱི་མཚན་ལ་མགོན་པོ་ཚེ་བརྟན་ཞེས་གསོལ་ཞིང་། 1938ལོར་མཚོ་སྔོན་ཞུན་ཧྭ་རྫོང་དུ་སྐུ་འཁྲུངས་ཤིང་དགུང་ལོ་3གྱི་སྟེང་པཎ་ཆེན་སྐུ་ཕྲེང་དགུ་པའི་ཡང་སྲིད་དུ་ངོས་འཛིན་མཛད། 1949ལོའི་ཟླ་6ཚེས་3ཉིན། གོ་མིན་སྲིད་གཞུང་གིས་གསེར་བུམ་དཀྲུག་འདོན་བྱ་མི་དགོས་པའི་ཆོག་མཆན་གནང་པ་དང་འབྲེལ་ཟླ་8ཚེས་10ཉིན་ཆེད་མི་མངགས་ཏེ་མཚོ་སྔོན་སྐུ་འབུམ་བྱམས་པ་གླིང་དུ་གསེར་ཁྲིར་མངའ་གསོལ་ཞུས་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་པའི་མཛད་རིམ་བསྐྱངས་པ་རེད།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ནི་བོད་རིགས་སྤུན་ཟླ་དང་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་གཅེས་པར་སྐྱོང་པའི་རྒྱལ་གཅེས་རིང་ལུགས་ཀྱི་ལས་དོན་ཁྲོད་སྐུ་ངལ་ཟབ་བཞེས་གནང་སྟེ་མཛད་རྗེས་གཟེངས་སུ་ཐོན་ལ་ཀུན་གྱིས་གོང་བཀུར་དང་མོས་གུས་ཚད་མེད་ཞུ་བཞིན་ཡོད། ལོ་རྒྱུས་ཀྱི་གནད་འགག་ཆེ་བའི་དུས་སྐབས་དང་རྒྱུན་ལྡན་གྱི་བྱེད་སྒོའི་ཁྲོད་གང་ཡིན་རུང་། པཎ་ཆེན་མཆོག་གིས་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་ནི་དུས་ཀུན་ནན་གསུང་གནང་གི་ཡོད་ཅིང་། རྒྱ་ཆེའི་བོད་རིགས་སྤུན་ཟླ་ཚོས“རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་གཅེས་སྐྱོང་བྱེད་དགོས་པའི”ཐུགས་རེ་གནང་གི་ཡོད། བོད་ལྗོངས་ཀྱི་ཁ་བྲལ་རིང་ལུགས་པས་མེས་རྒྱལ་ཁ་ཕྲལ་གཏོང་བའི་སྟོང་བསམ་དང་མི་རིགས་མཐུན་སྒྲིལ་ལ་གཏོར་སྐྱོན་གཏོང་བའི་བྱ་སྤྱོད་ཐད་རིན་པོ་ཆེ་ཁོང་ནས“རྒྱ་ཆེའི་བོད་རིགས་མི་དམངས་ཀྱི་འདོད་བློ་དང་འགལ་བའི་བྱེད་སྤྱོད་ངན་པ་ནི་འགྲུབ་མི་སྲིད་པའི”ཐ་ཚིག་བསྒྲགས་པ་དང་དུས་མཚུངས་སུ“ངས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་གང་རུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན་ཏེ། སྔོན་ཆད་ངོ་རྒོལ་བྱས་པ་ཡིན་ལ་ད་ལྟ་ངོ་རྒོལ་བྱེད་ངེས་ཤིང་། མ་འོངས་པར་ཡང་ངོ་རྒོལ་བྱེད་སྲིད་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་ཁ་བྲལ་ལ་ངོ་རྒོལ་བྱེད་ཆེད། ངས་རང་ཉིད་ཀྱི་གཅེས་པའི་ཚེ་སྲོག་དང་བཅས་པ་ཡོད་ཚད་ཕུལ་ངེས་ཡིན”ཞེས་ནན་བསྒྲགས་གནང་ཡོད་པ་རེད།

1989ལོའི་ཟླ1ཚེས28ཉིན། པཎ་ཆེན་རིན་པོ་ཆེ་མཆོག་སྐུ་ངལ་བཞེས་དྲགས་ཏེ་གློ་བུར་སྙིད་ནད་ཀྱིས་བོད་རང་སྐྱོང་ལྗོངས་གཞིས་རྩེའི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པ་དང་། སྐུ་གཤེགས་དུས་དགུང་གྲངས་51ལ་སླེབས་ཡོད།

པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་སྐུ་མྱ་ངན་ལས་འདས་ནའང་། ཁོང་གི་སྙིང་སྟོབས་དང་དགོངས་པ། བློ་གྲོས་བཅས་ནི་སྔར་བཞིན་གནས་མུས་ཡིན་ཞིང་། རིན་པོ་ཆེ་ཁོང་གི་སྐུ་ཚེ་ཧྲིལ་པོ་ནི་རྒྱལ་གཅེས་ཆོས་གཅེས་དང་སེམས་ཅན་ཀུན་ལ་བྱམས་བརྩེའི་ཐུགས་ཀྱིས་གཟིགས་པ། རང་དོན་རྒྱབ་སྐྱུར་གྱི་ཐུགས་དགོངས་རླབས་པོ་ཆེས་ཁེངས་པ། མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། ནང་བསྟན་དར་རྒྱས་དང་དོན་དངོས་ལ་ཕན་པ་ཡོད་པའི་ཕྱག་ལས་མང་པོ་གནང་ཡོད། དེ་དང་དུས་མཚུངས་སུ། པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་མིའི་རིགས་ཀྱི་བདེ་སྐྱིད་དང་འཛམ་གླིང་གི་ཞི་བདེ། རྒྱལ་ཁབ་བདེ་ཞིང་དམངས་རྣམས་སྐྱིད་པ། སྤྱི་ཚོགས་འཆམ་མཐུན་ཡོང་པ། མི་རིགས་མཐུན་སྒྲིལ་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་རང་ནུས་ཡོད་དགུ་ཕུལ་ཡོད་པ་ནི་ང་ཚོས་ཇི་སྲིད་བར་དུ་ཡིད་ལ་ངེས་ཤིང་རྒྱུན་འཛིན་གནང་དགོས།

དེ་རིང་། དགོན་སྡེ་ཆེ་གྲས་ཁག་གི་དགེ་འདུན་པ་རྣམས་གཅིག་ཏུ་འདུས་ནས་སྨོན་ཚོགས་འཚོག་པ་དང་། ཆེས་མཐོ་བའི་ནང་བསྟན་གྱི་གུལ་སྲོལ་གྱི་ཐོག་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་བགྲང་བྱ30འཁོར་བར་རྗེས་དྲན་ཟབ་ཞུས་གནང་སྟེ་དམ་པ་ཁོང་གི་རྒྱལ་ཁབ་དཔལ་ཡོན་རྒྱས་ཤིང་འགྲོ་ལ་ཕན་བདེ་འབྱུང་པའི་ཞལ་གདམས་རྒྱུན་འཛིན་གནང་ཡོད།  རྗེས་དྲན་གྱི་སྨོན་ཚོགས་གསུམ་ནི་བཀྲ་ཤིས་པའི་རྟགས་མཚན་གྱིས་ཕྱུག་ཤིང་དགེ་ལེགས་ཕུན་སུམ་ཚོགས་པ་བྱུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།