ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་རྣམ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ང་ལྔ་ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་ཉེར་བདུན་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥ་རན་སིའི་ཙུང་ཐུང་མ་ཁི་ལུང་རྣམ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ང་ལྔ་ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་ང་ལྔའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་པ་དང་ཕྱོགས་གཉིས་བར་གྱི་འབྲེལ་འདྲིས་དང་མཉམ་ལས་རྒྱ་བསྐྱེད་དེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་ངོ་མ་བསྐྲུན། ཀྲུང་གོ་དང་ཧྥ་རན་སི་ནི་མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཡིན་པས་དམིགས་བསལ་གྱི་ལོ་རྒྱུས་འགན་འཁྲི་དང་ལས་འགན་ཕྲག་ཏུ་བབས་ཡོད། བདག་གིས་ཁྱོད་དང་མཉམ་དུ་འབད་བརྩོན་བྱས་ཏེ་སྲོལ་རྒྱུན་མཛའ་བཤེས་དར་སྤེལ་བྱེད་པ་དང་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་ཤིང་། ཧུར་ཐག་སྒོས་གསར་གཏོད་དང་གསར་སྐྲུན་བྱེད་པ་དང་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་ང་ལྔ་ལོན་པ་གོ་སྐབས་སུ་བཟུང་སྟེ་དམ་ཞིང་ཡུན་རིང་བའི་ཀྲུང་གོ་དང་ཧྥ་རན་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་བཟང་ནས། འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

མ་ཁི་ལུང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། ཧྥ་རན་སི་དང་ཀྲུང་གོ་ནི་མཉམ་འབྲེལ་རྒྱལ་ཚོགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ཡིན་པའི་ཆ་ནས་ཕན་ཚུན་ལ་བརྩི་འཇོག་བྱེད་པ་དང་སྒྲིག་སྲོལ་རྨང་གཞི་ཡིན་པའི་ཕྱོགས་མང་རིང་ལུགས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོབ་བྱེད་པའི་ཕྱོགས་སུ་དམིགས་བསལ་གྱི་ནུས་པ་བཏོན། བདག་གིས་ཧྥ་རན་སི་དང་ཀྲུང་གོ་བར་གྱི་མཛའ་བཤེས་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུའུ་ཞི་ལགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཉིང་རྡུལ་ནུས་པ་དང་མཁའ་སྐྱོད། ཞིང་ལས་ཐོན་རྫས། དཔལ་འབྱོར་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་མི་གཞུང་བརྗེ་རེས་རྒྱ་བསྐྱེད་པ་དང་། ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་ཡོངས་ཀྱི་གནད་དོན་ཐད་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་དེ་ལོ་གསར་བའི་ནང་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།