ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཀྲུང་གོ་ན་བྱ་བ་སྒྲུབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་དང་མཉམ་དུ་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

    སྤེལ་དུས། : 2019-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས་ཉེར་ལྔ་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོ་ན་བྱ་བ་སྒྲུབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་དང་མཉམ་དུ་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།

བཞུགས་མོལ་ཚོགས་འདུའི་སྟེང་ཨ་མེ་རི་ཁ་དང་འཇར་མན། དབྱིན་ཇི། ཁུ་པ་སོགས་རྒྱལ་ཁབ་ཀྱི་མིང་དུ་གྲགས་པའི་ཆེད་མཁས་པས་དཔལ་འབྱོར་འཕར་སྣོན་དང་ཚན་རྩལ་གསར་སྐྲུན། རིག་ནུས་གསར་བཟོ། ཁོར་ཡུག་སྲུང་སྐྱོབ་སོགས་བརྗོད་དོན་གཙོ་བོ་གཞིར་བཟུང་ནས་གཏམ་བཤད་པ་དང་ལིས་ཁི་ཆང་གིས་ཁོ་ཚོ་དང་ལྷན་དུ་བསམ་བློ་བརྗེ་རེས་བྱས།

ལིས་ཁི་ཆང་གིས་ཕྱི་རྒྱལ་གྱི་ཆེད་མཁས་པས་དུས་ཡུན་རིང་བོར་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ལས་དོན་ཐད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་པ་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་ལ་རིན་ཐང་བྲལ་བའི་བསམ་འཆར་བཏོན་པར་བཀའ་དྲིན་ཆེ་ཞུས། ཁོང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་རྒྱལ་སྤྱིའི་གནས་བབ་རྙོག་འཛིང་ཆེ་བ་དང་འགྱུར་ལྡོག་མང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག རྒྱལ་ཡོངས་མི་དམངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་དཔལ་འབྱོར་འཁོར་རྒྱུག་དེ་སྤྱི་ཡོངས་སུ་བརྟན་བརླིང་ཡིན་པ་དང་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་རྒྱུ་སྲུང་འཛིན་བྱས་ཟེར།

ལིས་ཁི་ཆང་གིས་ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམས་ཧུར་ཐག་སྒོས་ཀྲུང་གོར་བྱ་བ་སྒྲུབ་ཏུ་ཡོང་བར་དགའ་བསུ་ཞུས་པར་མ་ཟད། ཀྲུང་གོ་སྲིད་གཞུང་གིས་ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣའི་དོ་དམ་ཞབས་ཕྱི་འགན་སྲུང་བྱེད་པའི་སྲིད་ཇུས་སྣ་ཚོགས་སྔར་ལས་འཐུས་ཚང་དུ་བཏང་ནས། ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣས་ཀྲུང་གོ་ནས་བྱ་བ་བསྒྲུབ་པར་སྟབས་བདེ་གང་ལེགས་སྐྲུན་ངེས་ཡིན། ཕྱི་རྒྱལ་གྱི་ཆེད་མཁས་པས་མུ་མཐུད་དུ་བློ་འདོན་ཇུས་འབུལ་བྱས་ཏེ་ཀྲུང་གོ་དང་འཛམ་གླིང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།