ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190122001002BQhn.jpg

ཟླ་དང་པོའི་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏེའོ་དབྱི་ཐའེ་རྒྱལ་མགྲོན་ཁང་ནས་ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་ཧོང་སུན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་གཅིག་ཉིན་ཏེའོ་དབྱི་ཐའེ་རྒྱལ་མགྲོན་ཁང་ནས་ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་ཧོང་སུན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་ཧོང་སུན་གྱིས་ཀྲུང་གོར་དངོས་གཞི་འཚམས་འདྲི་བྱས་པར་དགའ་བསུ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ནི་ཀྲུང་གོ་དང་ཁམ་ཕུ་ཁྲེ་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་ལོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བ་རྒྱུན་འཁྱོངས་བྱས་པ་དང་། མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བ་གཏིང་ཟབ་ཏུ་སྤེལ་ལ། ཕྱོགས་གཉིས་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་བརྗེ་རེས་མཐུན་སྦྱོར་དམ་པོ་རྒྱུན་འཁྱོངས་བྱས། མིག་སྔར། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་འབྲེལ་བའི་ཐད་ནས་འཕེལ་རྒྱས་ཀྱི་གོ་སྐབས་གསར་བར་ཐུག་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་དང་མཉམ་དུ་འབད་འཐབ་བྱས་ནས། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་འཐབ་ཇུས་དོན་སྙིང་ལྡན་པའི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་རྒྱུ་དེ་དམིགས་འབེན་དུ་བྱེད་པ། མཉམ་ལས་ཀྱི་གཙོ་གནད་གཏན་ཁེལ་གསལ་བོ་བྱེད་པ། འཕེལ་རྒྱས་ཀྱི་འཆར་གཞི་ལ་འཆར་འགོད་བྱས་ཏེ། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་པ་དང་། སྐུ་ཞབས་དབུ་བཞུགས་བློན་ཆེན་གྱི་འགོ་ཁྲིད་འོག ཁམ་ཕུ་ཁྲེ་ཡིས་རྒྱལ་ཁབ་འཛུགས་སྐྲུན་ལས་དོན་ཕྱོགས་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་ཐུབ་པར་ཡིད་ཆེས་ཡོད། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡིས་ད་ཡོད་ཀྱི་རྨང་གཞིའི་སྟེང་། གཙོ་བོར་ཆབ་སྲིད་དང་དཔལ་འབྱོར། བདེ་འཇགས། མི་གཞུང་བཅས་ཁྱབ་ཁོངས་ཆེན་པོ་བཞིའི་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། མཐོ་རིམ་བར་གྱི་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་སྣོན་པ། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁྲིམས་འཛུགས་ལས་ཁུངས། སྲིད་ཏང་། ས་གནས་བར་གྱི་བརྗེ་རེས་རྒྱ་སྐྱེད་དེ། མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ། རྫ་ཆུ་དང་མེ་གོང་གཙང་བོའི་མཉམ་ལས་སོགས་རྐྱེན་སྲོལ་ནང་གི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང་ཁམ་ཕུ་ཁྲེ་ཡི་འཕེལ་རྒྱས་འཐབ་ཇུས་གཉིས་སྦྲེལ་མཐུད་བྱེད་པ་དང་། འགྲིམ་འགྲུལ་དང་ཐོན་ནུས། ནུས་ཁུངས། ཉོ་ཚོང་། དམངས་ཚིས་སོགས་ཁྱབ་ཁོངས་ལྔའི་མཉམ་ལས་སྤེལ་དགོས། རིག་གནས་དང་གནས་སྐོར། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་སླར་གསོ། ན་གཞོན་སོགས་ཐད་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁྲིམས་འཛིན་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་ཟེར། 

ཧོང་སུན་གྱིས་བསྟན་དོན། དེ་རིང་སྔ་དྲོར། ངས་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་འཁོར་བཞི་བཅུ་ལོན་པའི་གྲུབ་འབྲས་འགྲེམ་སྟོན་ལ་བལྟས་པ་ཡིན་ལ། དེས་ང་ལ་བག་ཆགས་ཟབ་མོ་བཞག ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གྲུབ་འབྲས་ཆེན་པོ་བླངས་པར་རྟེན་འབྲེལ་ཞུས་པ་ཡིན། ཁམ་ཕུ་ཁྲེ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རྒྱུན་མ་ཆད་པར་སྲ་བརྟན་དང་གོང་འཕེལ་དུ་སོང་བ་ནི་ཧ་ཅང་དགའ་འོས་པ་ཞིག་རེད། ཀྲུང་གོས་དུས་ཡུན་རིང་བོར་ཁམ་ཕུ་ཁྲེ་ལ་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ཀྲུང་གོས་ཁམ་ཕུ་ཁྲེ་དང་ལྷག་པར་དུ་ཁམ་ཕུ་ཁྲེའི་རྒྱལ་རྒྱུད་བར་འབྲེལ་བ་བཟང་བོ་བཙུགས་པར་བཀའ་དྲིན་ཞུས་པ་ཡིན། ཀྲུང་གོའི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་ཤུགས་སྣོན་པའི་གྲོས་གཞི་ལ་ཁམ་ཕུ་ཁྲེ་འཐད་པ་བྱུང་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་དང་། དམངས་ཚིས་དང་ཞིང་ལས། ཉོ་ཚོང་། དངུལ་གཏོང་། གནས་སྐོར། རྨང་གཞི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། མི་གཞུང་བརྗེ་རེས་དང་ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་པ། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ཀྱི་བརྗེ་རེས་མཐུན་སྦྱོར་དམ་ཟབ་ཏུ་བཏང་སྟེ། མུ་མཐུད་དུ་ཕྱོགས་གཉིས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་སྟེང་ཕན་ཚུན་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར། 

དབྱང་ཅེ་ཁྲི་དང་ཝང་དབྱི། ཧི་ལིས་ཧྥུན་བཅས་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།