ཀྲུང་གོ་བོད་ཀྱི་དྲ་བ།

ཚོང་དོན་པུས“བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་འཚོང་བ་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་འཚོང་རྒྱུར”སྐུལ་འདེད་བཏང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན་ཚོང་དོན་པུས་འཚོགས་པའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཀའོ་ཧྥུང་གིས“བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་འཚོང་བ་དང་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་འཚོང་རྒྱུར”སྐུལ་འདེད་གཏོང་རྒྱུ་ནི་ཚོང་དོན་པུས་འཛད་སྤྱོད་རིམ་སྤོར་བྱ་སྤྱོད་འཆར་གཞི་ལག་ལེན་གཏིང་ཟབ་བསྟར་བའི་ནང་དོན་གལ་ཆེན་ཞིག་རེད། 2019ལོར་ཚོང་དོན་པུས་མུ་མཐུད་མཁོ་སྤྲོད་ཕྱོགས་ནས་འགོ་བཙུགས་ཏེ་འབྲེལ་ཡོད་བྱེད་ཐབས་ལག་ལེན་བསྟར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྲོམ་ར་འཁྲུག་ཆ་དོད་དུ་གཏོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་འཚོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་ཚོང་དོན་པུས་གྲོང་གསེབ་ཀྱི་འཛད་སྤྱོད་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་དང་། གྲོང་གསེབ་ཀྱི་ཡུལ་མིའི་འཛད་སྤྱོད་སྤུས་ཚད་མཐོ་རུ། གྲོང་གསེབ་ཀྱི་འཛད་སྤྱོད་མ་གནས་དམའ་རུ་སོགས་གཏོང་བའི་ཐད་ཤུགས་སྣོན་བརྒྱབ་སྟེ་བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་དེ་བས་མང་བ་དང་ལེགས་པའི་ངང་འཚོང་རྒྱུ་རེད། ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་འཚོང་བའི་ཐད་ཚོང་དོན་པུས་བྱེད་ཐབས་གསུམ་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ནས་ཞིང་ལས་ཐོན་རྫས་འཁོར་རྒྱུག་ཐབས་ལམ་སྔར་བས་ཤར་གཏོང་ཐུབ་པ་བྱ་རྒྱུ་སྟེ། གཅིག་ནས་ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་དང་ཞིང་ལས་ཐོན་རྫས་ཁྲོམ་རར་འདོན་པའི་དུས་ཚིགས་ལ་གཞིགས་ཏེ་འབྲེལ་མཐུད་བྱེད་སྒོ་སྣ་མང་སྤེལ་ནས་དུས་ཚིགས་ལ་གཞིགས་ཏེ་ཞིང་ལས་ཐོན་རྫས་འཚོང་ཐུབ་པ་དང་ཡག་པོ་འཚོང་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། གཉིས་ནས་ཞིང་པ་དང་ཚོང་པ་ཕན་ཚུན་འབྲེལ་མཐུད་བྱ་རྒྱུ་ཁྱབ་གདལ་བཏང་སྟེ་མངགས་ཐོའི་ཞིང་ལས་དང་། ཐོན་སྐྱེད་དང་ཕྱིར་ཚོང་གཞི་གཅིག རྐང་དབང་མཉམ་ལས་སོགས་རྣམ་པ་སྣ་ཚོགས་ཀྱི་ཞིང་ལས་ཐོན་རྫས་ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་ཀྱི་ཕུགས་ཕན་ལམ་སྲོལ་འཕེལ་རྒྱས་གཏོང་རྒྱུ། གསུམ་ནས་སིལ་འཚོང་དྲ་རྒྱ་འཐུས་ཚང་ལ་སྐུལ་འདེད་བཏང་སྟེ་ས་གནས་ཁག་ལ་སྡེ་ཁུལ་ཚལ་ཁྲོམ་དང་། ཞིང་ལས་ཉོ་ཚོང་ཁྲོམ་ར། སྟབས་བདེའི་ཚོང་ཁང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་པ་དང་སྒྱུར་བཀོད་ལ་མཛུབ་ཁྲིད་བྱེད་པ་དང་དོ་དམ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་མི་སེར་ལ་རང་ཁྱིམ་གྱི་སྒོ་ཁར་དེ་བས་སྟབས་བདེ་དང་བློ་བདེ་པོའི་ངང་དུས་ཚིགས་ལ་གཞིགས་ཏེ་ཞིང་ལས་ཐོན་རྫས་ཉོ་ཐུབ་པ་བྱ་རྒྱུ་བཅས་རེད།

ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《འཛད་སྤྱོད་དབུལ་སྐྱོར་གཏིང་ཟབ་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཏོན་པ་དང་དེའི་ནང་ས་ཁུལ་དབུལ་པོའི་ཞིང་ལས་ཐོན་རྫས་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་ཤུགས་ཆེན་གཏོང་རྒྱུ་ཡིན་པ་བཏོན་ཡོད། དེའི་ཐད་ཀའོ་ཧྥུང་གིས་རང་རྒྱལ་གྱི་ཞིང་ལས་ལ་སྤྱིའི་ཆར་ཐོན་སྐྱེད་བྱེད་ནུས་ཆུང་བ་དང་ཁྲོམ་ར་ཆེ་བའི་ཁྱད་ཆོས་ལྡན་པ་དང་། ཞིང་ལས་ཐོན་སྐྱེད་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་ཚད་གཞི་མཐོ་པོ་མེད་པ། ཞིང་ལས་ཐོན་རྫས་ཐོན་ཡུལ་གྱི་ཐོག་མའི་ལས་སྣོན་ནུས་པ་མི་འདང་བ། ས་ཁུལ་ཁག་གཅིག་དང་ལྷག་པར་དུ་ཤིན་ཏུ་དབུལ་བའི་ས་ཁུལ་གྱི“ཐོག་མའི་འགག་གནད”ཀྱི་ཟོག་འགྲེམས་མ་གནས་སྔར་བཞིན་མཐོ་པོ་ཡོད་པ་བཅས་ལས་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཞིང་ལས་ཐོན་རྫས་མང་དུ་གཏོང་བའི་ལས་ཕྱོད་ལ་ཚོད་འཛིན་ཐེབས་ཀྱི་ཡོད་ཅེས་བཤད་པ་རེད།

ཉེ་བའི་ལོ་ཤས་རིང་། ཚོང་དོན་པུས་ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་དང་མཉམ་དུ་རྒྱུན་མཐུད་ངང་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་བཏང་སྟེ་ཕྱོགས་བསྡུས་ཐོག་དཔེ་སྟོན་བྱས་ནས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བར་རིམ་རྩིས་བརྒྱབ་ན་དཔེ་སྟོན་རྫོང1016ལ་རྒྱབ་སྐྱོར་བྱས་པ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས28ལ་ཁྱབ་པའི་ཁྲོད་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ737ཟིན་པ་དེས་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོའི་བསྡོམས་འབོར་གྱི88.6%བཟུང་ཡོད། 2018ལོ་ཧྲིལ་པོར་ཁག་དང་པོ་ནས་བཞི་པའི་དཔེ་སྟོན་རྫོང756གི་དྲ་ཐོག་སིལ་ཚོང་བྱེད་ཚད་མ་དངུལ་སྒོར་དུང་ཕྱུར6192.4ཟིན་པ་དེ་དུས་མཚུངས་ལས43%འཕར་བ་དང་། རིམ་རྩིས་བརྒྱབ་ན་རྫོང་རིམ་པའི་དྲ་ཐོག་ཚོང་དོན་ཞབས་ཞུའི་ལྟེ་གནས་དང་རྫོང་རིམ་པའི་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས1000ལྷག་ཙམ་དང་གྲོང་གསེབ་ཀྱི་ཞབས་ཞུའི་ས་ཚིགས་ཁྲི་8ལྷག་ཙམ་འཛུགས་སྐྲུན་བྱས་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།