ཟླ་དང་པོའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་ལ་མཇལ་འཕྲད་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས15ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་གིས་གསུངས་རྒྱུར། ཚེས་བཅུ་བཞི་ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ལགས་དང་གྲོས་མོལ་མཛད་དེ་རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་འབྲེལ་བའི་འཕེལ་རྒྱས་ཐད་ལ་མཉམ་དུ་འཆར་འགོད་བྱས། ཀྲུང་གོ་ཕྱོགས་ཀྱིས་ཧྥིན་ལན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཧྥིན་ལན་གྱི་འབྲེལ་བའི་ཐད་ལ་མུ་མཐུད་དུ་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད། ང་ཚོས་ཧྥིན་ལན་ཕྱོགས་དང་མཉམ་དུ་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་ལྷད་མེད་འཕེལ་རྒྱས། དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད། ཀྲུང་གོས་བློ་ཐག་རྦད་ཆོད་སྒོས་ཡོ་རོབ་གླིང་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ་དང་། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་དང་ཡོ་རོབ་གླིང་འབྲེལ་བའི་འཕེལ་རྒྱས་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་དར་རྒྱས་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།
ཉི་ཉི་སི་ཐོ་ཡིས་བཤད་རྒྱུར། ཀྲུང་གོའི་འཕེལ་རྒྱས་ཀྱིས་ཧྥིན་ལན་དང་རྒྱལ་ཁབ་སོ་སོར་གོ་སྐབས་གསར་བ་བསྐྲུན་པ་དང་ཀྲུང་གོ་ནི་དེང་སྐབས་འཛམ་གླིང་གི་བརྟན་འཇགས་སྟོབས་ཤུགས་སུ་འགྱུར་བཞིན་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་པོ་བྱས་ཏེ་ཕྱོགས་མང་ཉོ་ཚོང་མ་ལག་མཉམ་སྲུང་བྱེད་འདོད་ཡོད་ཟེར། །