ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི་རྒྱལ་ཡོངས་ཀྱི་རིག་གནས་ཚན་རྩལ་འཕྲོད་བསྟེན“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “ལོ་འདི་དག་རིང་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་དང་ཞིང་འཕྲུལ་གྱི་མ་གནས་སྤྱིར་ན་མཐོ་རུ་ཕྱིན་པ་དང་འབྲུ་རིགས་ཁོ་ན་བཏབ་ཚེ་ཡོང་འབབ་མང་པོ་གསོག་ཐུབ་ཀྱི་མི་འདུག ཆུ་འབྲས་དང་ཞ་སྨི་མཉམ་གསོའི་ཕན་འབྲས་ཆེན་པོ་ཡོད་པ་ཐོས་བྱུང་བས་ངས་ལག་རྩལ་དེ་ཡག་པོ་སྦྱོང་རྩིས་ཡོད”ཅེས་ལག་ཏུ《ཉ་ལས་ཕྱུག་འགྱུར་གྱི་ཕྱོགས་སྟོན》ཞེས་པའི་དེབ་བཟུང་བའི་མིང་ཧྲེང་སན་གྱིས་མི་ཚོགས་ཀྱི་ཁྲོད་ནས་དོན་ཏེ་བཤད།

ད་ལོའི་ལོ69ལ་སླེབས་པའི་མིང་ཧྲེང་སན་ནི་ཧུའུ་པེ་ཞའོ་ཁྲང་རྫོང་ཞའོ་ཧོ་གྲོང་རྡལ་ཤན་རེ་ཧྲི་གྲོང་ཚོ་ནས་ཡིན་ཞིང་། ཚེས12ཉིན་གྱི་ཞོགས་པར་ཁོང་གིས་སྤྱི་སྤྱོད་རླངས་འཁོར་བསྡད་ནས་ཞའོ་ཁྲང་རྫོང་གི་ལྡུམ་རའི་ཐང་ཆེན་དུ་ཡོང་། དེ་གར་སྔ་ས་ནས་མིས་ཁེངས་ནས་ཡོད། ཉིན་དེའི་སྔ་དྲོར། 2019ལོའི་རྒྱལ་ཡོངས་ཀྱི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས་ཀྱི“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་ཧུའུ་པེ་ཡན་ལག་ཚོགས་རའི་བྱེད་སྒོ་དེ་གར་སྤེལ་བཞིན་ཡོད། ད་ཐེངས་ཀྱི་བྱེད་སྒོ་དེ་ཞིང་ལས་དང་གྲོང་གསེབ་པུའུ་དང་ཧུའུ་པེ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཐུན་མོང་ཐོག་གཉེར་བ་ཞིག་རེད། ཞིང་ལས་དང་གྲོང་གསེབ་པུའུ་དང་དེ་བཞིན་ཧུའུ་པེ་ཞིང་ཆེན་ཐད་གཏོགས་དང་ཞའོ་ཀན་གྲོང་ཁྱེར་ཐད་གཏོགས་ཀྱི་ཚན་པ40ལྷག་གིས་ཞའོ་ཁྲང་ལ་ཁྱོན་སྒོར་དུང་ཕྱུར3.9རི་བའི་རྣམ་གྲངས་དང་། དངོས་ཟོག མ་དངུལ་བཅས་རོགས་སྐྱོར་བྱས་པ་རེད།

ཐང་ཆེན་མཐའ་འཁོར་དུ་བསྐྲུན་པའི་བློ་འདྲིའི་ལས་སྟེགས་བཅུའི་སར་སྡེ་ཚན་ཁག་གི་ལས་དོན་མི་སྣ་དང་རིགས་གཅིག་མཁས་ཅན་གྱིས་སེམས་རྩ་འཁོལ་པོས་ཞིང་པ་གྲོགས་པོ་ཚོར་དོགས་གཞི་སེལ་བ་དང་། ས་བོན་དང་། སྨན། དཔྱིད་གསར་ཆ་ཡིག དཔེ་དེབ། ཞིང་ལས་ཚན་རྩལ་ཁྱབ་གདལ། ཁྱིམ་ཚང་སློབ་གསོ། སྨན་བཅོས་བདེ་སྲུང་སོགས་ཀྱི་ཤེས་བྱ་བརྒྱུད་སྤྲོད་བྱེད་བཞིན་ཡོད། ཐང་ཆེན་གྱི་དཀྱིལ་དུ་ཧུའུ་པེ་ཞིང་ཆེན་འཁྲབ་རྩལ་ཚོགས་པས་ཡུལ་མི་སྤུན་ཟླ་ཚོར་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་ནས་ལྟད་མོ་བ་སྟོང་ཕྲག་ཁ་ཤས་ཀྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག

ངོ་སྤྲོད་བྱས་པར་གཞིགས་ན། “གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་ནས་ལོ་20ལྷག་སོང་རིང་། ཧུའུ་པེ་རུ་ཞིང་ཨུད་དྲིལ་བསྒྲགས་པུས་སྤྱི་འདོམས་ཀྱིས་སྔ་རྗེས་སུ་རྫོང(གྲོང་ཁྱེར་དང་ཆུས)20ལྷག་ཏུ་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་ཐོབ་སེམས་དང་བདེ་སྐྱིད་ཚོར་སེམས་ཆེ་རུ་བཏང་བ་དང་། ཏང་དང་སྲིད་གཞུང་གིས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་སྦྲེལ་ཟམ་བསྐྲུན་པ། ཞིང་པར་རྒྱབ་སྐྱོར་དང་ཞིང་ལས་སྟོབས་ཆེར་གཏོང་བའི་དམངས་ཕན་ལམ་བསྐྲུན་ཡོད།

ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་ཀྲང་ཐའོ་ལིན་གྱིས“གཤམ་སྤེལ་གསུམ”ནི་ཞིང་པར་སྦྲེལ་མཐུད་དང་གྲོང་གསེབ་ལ་ཞབས་འདེགས་ཞུ་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། དེས་ན་བྱེད་སྒོའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཞབས་ཞུའི་གཞི་རྟེན་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་འཛུགས་བྱེད་སྟངས་གསར་གཏོད་བཅས་བྱས་ཏེ“གཤམ་སྤེལ་གསུམ”ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། གྲོང་གསེབ་དར་རྒྱས་ལ་བརྟེན་ནས་ཞིང་ལས་སྟོབས་ཆེར་གཏོང་བ་དང་། གྲོང་གསེབ་མཛེས་སྡུག་ལྡན་པ་ཡོང་བར་བྱེད་པ། ཞིང་པ་ཕྱུག་པོ་ཆགས་པ་བཅས་བྱེད་དགོས་ཞེས་ངོ་སྤྲོད་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།