སློབ་གསོ་པུས་དམིགས་བསལ་རིགས་ཀྱི་ཤེས་ལྡན་པ་འདེམས་སྒྲུག་གི་སྤུས་ཚད་གོང་མཐོར་ཏན་ཏིག་གཏོང་དགོས་པ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། སློབ་གསོ་པུས་བརྡ་ཐོ་བཏང་ནས། 2019ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་དམིགས་བསལ་རིགས་ཀྱི་སློབ་བསྡུའི་ལས་དོན་ཁག་གཅིག་ཡག་པོ་སྒྲུབ་རྒྱུའི་བཀོད་སྒྲིག་བྱས་ནས་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚད་གཞི་ནན་དུ་གཏོང་བ། ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་ལ་བརྟེན་ནས་དམིགས་བསལ་རིགས་ཀྱི་ཤེས་ལྡན་པ་འདེམས་སྒྲུག་གི་སྤུས་ཚད་གོང་མཐོར་ཏན་ཏིག་གཏོང་དགོས་ལུགས་བཏོན་ཡོད་པ་རེད།

བརྡ་ཐོའི་ནང་མཐོ་སློབ་ཀྱིས་སློབ་གསོ་པུའི་འབྲེལ་ཡོད་ཀྱི་དམིགས་བསལ་རིགས་ཀྱི་སློབ་བསྡུའི་གཞི་རྩའི་བླང་བྱ་གཞིར་བཟུང་། སློབ་གྲྭ་སོ་སོའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སློབ་གྲྭ་དེ་གའི་ཐོ་འགོད་ཀྱི་ཆ་རྐྱེན་ཞིབ་ཕྲ་དང་ཐོབ་ཐང་ཞིབ་བཤེར་གྱི་གོ་རིམ་གཏན་འཁེལ་བཟོ་བ་མ་ཟད། ཞིབ་བཤེར་གྱི་འབྲས་བུ་ཡོངས་བསྒྲགས་བྱས་ཏེ། མིང་ཐོ་འགོད་པའི་ཐོབ་ཐང་གི་ཆ་རྐྱེན་དམའ་རུ་མི་གཏོང་བ་དང་། ཐོབ་ཐང་ཞིབ་བཤེར་གྱི་ཚད་གཞི་ལྷུག་ཏུ་མི་གཏོང་བའི་གཏན་འཁེལ་ཡང་བྱས་ཡོད་པ་རེད། རྒྱུགས་སྤྲོད་སློབ་མ་སློབ་གྲྭར་རྒྱུགས་སྤྲོད་པའི་ཐོ་འགོད་ཆ་འཕྲིན་དང་མཐོ་རྒྱུགས་ཀྱི་ཐོ་འགོད་ཆ་འཕྲིན་གྱི་བསྡུར་བ་ལ་ཤུགས་སྣོན་བརྒྱབ་ནས་རྒྱུགས་སྤྲོད་སློབ་མས་འཁུར་བའི་ལག་ཁྱེར་བདེན་རྫུན་གསལ་འབྱེད་ལ་ཤུགས་སྣོན་རྒྱག་དགོས་པ་འཁོད་ཡོད་པ་རེད།

བརྡ་ཐོའི་ནང་ས་གནས་ཁག་དང་མཐོ་སློབ་ཁག་གིས་དམིགས་བསལ་རིགས་ཀྱི་སློབ་བསྡུའི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ནང་དོན་དེ་སློབ་གསོ་པུའི་སློབ་བསྡུའི་སྲིད་ཇུས་དང་ཕན་ཚུན་རྒྱབ་འགལ་མིན་པ་དང་གཙོ་གཉེར་སྡེ་ཚན་གྱིས་ཞིབ་བཤེར་བྱས་པའི་སློབ་གྲྭ་དེ་གའི་སློབ་བསྡུའི་སྒྲིག་ཡིག་དང་ཕན་ཚུན་འགལ་བ་མིན་པ་ཞིག་དགོས། ལག་ལེན་བསྟར་རིང་ཐོག་མའི་སློབ་བསྡུའི་སྒྲིག་སྲོལ་ལམ་ཡང་ན་རྗེས་སྣོན་མི་གྲངས་ཀྱི་སློབ་བསྡུའི་སྒྲིག་སྲོལ་ལ་འགྱུར་བ་གཏོང་མི་ཆོག བཟང་འདེམས་སློབ་བསྡུ་དང་སྤུས་ཞན་མང་བ་ལས་མེད་པ་དགའ་བའི་རྩ་དོན་གཞིར་བཟུང་། འབྲེལ་ཡོད་རྒྱུགས་སྤྲོད་སློབ་མའི་ཆེད་དོན་ཚད་ལེན་ཚོད་ལྟའི་བླང་བྱ་དང་རིག་གནས་སློབ་ཚན་གྱི་གྲུབ་འབྲས་ལ་གཞིགས་ནས་སློབ་མ་བསྡུ་བའི་བླང་བྱ་སྔར་བས་མཐོ་རུ་གཏོང་དགོས། ཀྲུང་དབྱང་སྡེ་ཚན་གྱི་མཐོ་སློབ་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སློབ་གྲྭ་འཕེལ་རྒྱས་གཏོང་བའི་ངེས་གནས་དང་ཤེས་ལྡན་པ་གསོ་སྐྱོང་གི་ཚད་གཞིར་བསམ་གཞིག་གང་ལེགས་བྱས་ནས་རིག་གནས་སློབ་ཚན་གྱི་གྲུབ་འབྲས་ལ་གཞིགས་ཏེ་སློབ་བསྡུའི་བླང་བྱ་རིམ་པས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། བརྡ་ཐོའི་ནང་དམིགས་བསལ་རིགས་ཀྱི་སློབ་བསྡུའི་རྒྱུགས་སྤྲོད་ནང་གཞན་མིང་རང་དུ་བརྫུས་པ་དང་། དཔྱད་གཞི་རྫུས་མ་བཟོས་ནས་ཐོ་འགོད་ཐོབ་ཐང་གཡོ་ལེན་བྱེད་པ། ལུས་རྩལ་རྒྱུགས་སྤྲོད་ནང་ངར་སློང་སྨན་ཁབ་རྒྱག་པ་སོགས་ཀྱི་གནས་ཚུལ་ཚུད་པའི་གཡོ་ལས་བྱེད་མཁན་རྒྱུགས་སྤྲོད་སློབ་མ་ཡོད་ཚེ་རྒྱལ་ཁབ་ཀྱི་སློབ་གསོའི་རྒྱུགས་སྤྲོད་ནང་གཡོ་ལས་བྱེད་སྤྱོད་ལ་ངོས་འཛིན་བྱས་ནས་འབྲེལ་ཡོད་རྒྱུགས་སྤྲོད་ཀྱི་ཐོ་འགོད་དང་སློབ་བསྡུའི་ཐོབ་ཐང་མེད་པ་བཟོ་བ་དང་དུས་མཚུངས། ཞིང་ཆེན་རིམ་པའི་སློབ་བསྡུའི་རྒྱུགས་སྤྲོད་སྒྲིག་གཞིར་བརྡ་ཁྱབ་བཏང་ནས་སློབ་མ་དེའི་ལོ་དེའི་མཐོ་སློབ་ཀྱི་ཐོ་འགོད་དང་སློབ་བསྡུའི་ཐོབ་ཐང་མེད་པ་བཟོ་རྒྱུའི་གཏན་འབེབས་ཁ་གསལ་བཟོས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།