ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིག་ལ་གྲོས་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་གྲོས་ཚོགས་བསྡུས་ནས། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིག་ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་འགོ་མཛིན་མཛད།

གྲོས་ཚོགས་ནས། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིག་གིས་ཏང་ནང་ཁུལ་གྱི་གཞི་རྩའི་ཁྲིམས་སྲོལ་གྱི་རྣམ་པ་བརྒྱུད་དེ། ཏང་གིས་སྲིད་ཁྲིམས་བྱ་བར་འགོ་ཁྲིད་བྱེད་པའི་ཐད་ནས་གཏན་ཁེལ་བྱས་པ་དང་། ཏང་གིས་ཡུན་རིང་བོར་སྲིད་ཁྲིམས་བྱ་བར་འགོ་ཁྲིད་བྱས་པའི་ཉམས་མྱོང་བཟང་བོ་དེ་ལམ་ལུགས་གྲུབ་འབྲས་སུ་བསྒྱུར་ལ། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་དགོས་ངེས་ཀྱི་རེ་བ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་ཏང་བཅོས་སྐྱོང་བྱེད་པ་གཉིས་གཅིག་གྱུར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ཟེར།

ཚོགས་ཐོག་ནས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིག་ལག་ལེན་མཐར་ཕྱིན་བྱེད་ན། ཆ་སྡེབས་གཏན་ཁེལ་གཏན་འབེབས་བྱེད་པ་དང་། སྒྲིག་གཞི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་ལ། ཆེས་གནད་འགག་ནི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་བཀོད་འདོམས་ལ་ཉན་པ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། སྲིད་ཁྲིམས་བྱ་བ་དེ་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུས་རང་ས་ཁུལ་གྱི་སྲིད་ཁྲིམས་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། སྲིད་ཁྲིམས་བྱ་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས། ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་སྤྱི་ཁོག་ནས་དམ་འཛིན་བྱེད་པ་དང་། གཅིག་གྱུར་མཐུན་སྦྱོར་བྱེད་པ། ལག་བསྟར་བྱེད་པར་ལྟ་སྐུལ་བྱེད་པ་སོགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས། སྲིད་ཁྲིམས་ལས་ཁུངས་ཀྱི་ཏང་ཙུའུ་ཡིས་རང་ལས་ཁུངས་ཀྱི་སྲིད་ཁྲིམས་བྱ་བའི་ཐད་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་ནས། འགན་ནུས་བཟང་བོར་བསྒྲུབ་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་ནི་གཅིག་འདྲ་ཡིན་ཏེ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ན། ད་གཟོད་མི་དམངས་ཀྱི་རང་ཁྱིམ་རང་བདག་མངོན་འགྱུར་བྱེད་ཐུབ་ལ། རྒྱལ་ཁབ་དང་སྤྱི་ཚོགས་འཚོ་བ་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་ད་གཟོད་གོ་རིམ་ལྡན་པའི་ངང་སྤེལ་ཐུབ། ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་རྐྱ་འཕེར་བའི་སྒོ་ནས་འགན་དབང་ལག་བསྟར་བྱེད་པར་འགན་སྲུང་བྱེད་རྒྱུ་ནི། ཏང་གི་འདོད་བློ་གསལ་བོ་ཡིན་པས། རིམ་པ་སོ་སོའི་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་རྐྱ་འཕེར་བ་དང་དྲང་གཞག་སྒོས་འགན་དབང་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སྲིད་ཁྲིམས་ལས་ཁུངས་སོ་སོས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་རང་རྐྱ་འཕེར་བའི་སྒོ་ནས་འགན་ཁུར་བ་དང་མཐུན་སྦྱོར་གཅིག་གྱུར་སྒོས་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ད་དུང་བྱ་བ་གཞན་པར་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།