ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་དང་ཡུལ་སྐོར་པུའུ་ཡིས《རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་གྱི་དོ་དམ་བྱ་ཐབས》བཏོན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་ཤེས་རྟོགས་བྱུང་གསལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཀྱི་འདུ་འགོད་ལག་བསྟར་གཏིང་ཟབ། མངོན་མིན་རིག་གནས་ཤུལ་བཞག་གི་ས་ཁོངས་རང་བཞིན་གྱི་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱ་ཆེད། ཉེ་ཆར། རིག་གནས་དང་ཡུལ་སྐོར་པུའུ་ཡིས《རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་གྱི་དོ་དམ་བྱ་ཐབས》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)བཏོན་པ་དང2019ལོའི་ཟླ3ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།

རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་བཙུགས་པ་དེས་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་དང་ཉར་ཚགས་ཡག་པོ་ཡོང་བར་རིན་ཐང་གལ་ཆེན་ལྡན་ཡོད་ལ་ཁྱད་ཆོས་མངོན་གསལ་དོད་པའི་རིག་གནས་རྣམ་པར་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་སྲུང་སྐྱོང་བྱེད་ཐུབ། དེ་ནི་རང་རྒྱལ་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཤིག་རེད། མིག་སྔར་རིག་གནས་དང་ཡུལ་སྐོར་པུའུ་ཡིས་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཚོད་ལྟ་ཁུལ21ཆོག་མཆན་སྤྲད་ནས་བཙུགས་པ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་ཏུ་ཁྱད་ཆོས་མངོན་གསལ་དོད་པའི་ཞིང་ཆེན་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ146བཙུགས་ཡོད། ལོ་བཅུ་ལྷག་ཙམ་གྱི་རིང་། རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་གྱི་ལམ་ལུགས་འཚོལ་ཞིབ་དང་ལག་བསྟར་བྱས་པ་བརྒྱུད། ལས་དོན་སྤེལ་སྐབས་ནུས་ལྡན་གྱི་བྱ་ཐབས་གཏན་འཁེལ་བྱས་ནས་སྡེ་ཚན་གྱི་སྒྲིག་སྲོལ་ལ་རིམ་སྤོར་བྱ་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེན་པོ་ཡོད།

《བྱ་ཐབས》ནང་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་རེ་ཞུ་དང་འཛུགས་རྒྱུའི་ཆ་རྐྱེན་དང་གོ་རིམ་ཁ་གསལ་བཏོན་ཡོད། 《བྱ་ཐབས》ནང་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་རེ་ཞུ་བྱེད་པར་ཅུང་ལེགས་པའི་རིག་གནས་སྣོད་བཅུད་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་སྲུང་སྐྱོང་ལས་དོན་གྱི་རྨང་གཞི་བཟང་པོ་ལྡན་དགོས་ལ་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ནང་རིག་གནས་སྣོད་བཅུད་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་སྲུང་སྐྱོང་ལག་ལེན་བསྟར་ནས་ལོ་གཉིས་ཡན་སོང་བ་དང་གྲུབ་འབྲས་མངོན་གསལ་དོད་པ་དགོས། རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་བཙུགས་རྗེས་སྤྱིའི་འཆར་འགོད་ཐད་རིག་གནས་དང་ཡུལ་སྐོར་པུའུ་ཡི་མཆན་བཀོད་བཀའ་ལན་ཐོབ་མི་དགོས་པར་ཞིང་ཆེན་རིམ་པའི་རིག་གནས་གཙོ་གཉེར་སྡེ་ཚན་གྱིས་ཞིབ་བཤེར་གཏན་འཁེལ་བྱ་རྒྱུར་སྒྱུར་བ་དང་། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ལ་གྲོས་ཞིབ་བྱ་རྒྱུའི་གོང་ཞུ་བྱས་ནས་གྲོས་འཆམ་བྱུང་རྗེས་ལག་བསྟར་བྱ་རྒྱུའི་ཡོངས་བསྒྲགས་བྱེད་པ་དང་འབྲེལ། རིག་གནས་དང་ཡུལ་སྐོར་པུའུ་ལ་ཐོ་འགོད་བྱེད་དགོས། སྤྱིའི་འཆར་འགོད་ལག་ལེན་བསྟར་ནས་ལོ་གསུམ་སོང་རྗེས། ཞིང་ཆེན་རིམ་པའི་རིག་གནས་གཙོ་གཉེར་སྡེ་ཚན་གྱིས་རིག་གནས་དང་ཡུལ་སྐོར་པུའུ་ལ་རྩ་འཛུགས་ཀྱི་ཞིབ་བཤེར་རྩིས་ལེན་རེ་ཞུ་བྱེད་ཆོག་པ་དང་ཞིབ་བཤེར་རྩིས་ལེན་གྱི་ཚད་ལོན་ཚེ་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་དུ་དངོས་སུ་ཁྱབ་བསྒྲགས་དང་འབྲེལ། སྒོ་བྱང་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད།

《བྱ་ཐབས》ནང་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་བྱེད་པོའི་འགན་འཁྲི་དང་། ལས་འགན་གཙོ་བོ། བྱེད་ཐབས་བཅས་གསལ་པོ་བཟོས་ཡོད། 《བྱ་ཐབས》ནང་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དོ་དམ་སྒྲིག་གཞི་བཙུགས་ཏེ་རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་འཛུགས་སྐྲུན་གྱི་ལས་དོན་ལ་སྤྱི་འདོམས་དང་། མཛུབ་ཁྲིད། མཐུན་སྦྱོར། སྐུལ་འདེད་བཅས་ཀྱི་འགན་འཁུར་དགོས་པ་དང་། ལས་དོན་སྒྲིག་གཞི་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་དང་། མ་དངུལ་གཏོང་ཤུགས་ཆེ་རུ། སྤྱི་ཚོགས་རྒྱ་ཁྱབ་ངང་ཞུགས་རྒྱུར་སྣེ་ཁྲིད། རིགས་པའི་གཞུང་ལུགས་དང་ལག་ལེན་དངོས་ཀྱི་ཞིབ་འཇུག་ལ་ཤུགས་སྣོན། རང་ངོས་གདེང་འཇོག་གི་སྙན་ཞུ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ལས་དོན་གྱི་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། མངོན་མིན་རིག་གནས་ཤུལ་བཞག་གི་ཟིན་ཐོའི་འདུ་འགོད་ལག་བསྟར་དང་། རྒྱུན་འཛིན་མི་ཚོགས་བགྲོ་གླེང་ཟབ་སྦྱོང་དང་གསོ་སྦྱོང་འཆར་གཞི། སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དར་འཕེལ་གྱི་འཆར་གཞི། རིགས་དབྱེ་སྲུང་སྐྱོང་། གནད་སྨིན་དབུལ་སྐྱོར་ལ་ཞབས་འདེགས་དང་ཤང་དང་གྲོང་རྡལ་དར་རྒྱས་གཏོང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལག་བསྟར་སོགས་ཀྱི་བྱ་ཐབས་བརྒྱུད། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་ལག་ལེན་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རྩ་འཛུགས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་། སྤུས་རྟགས་བྱེད་སྒོ་སྤེལ་བ། འགྲེམས་སྟོན་ལས་སྟེགས་འཛུགས་པ། སློབ་གསོ་ཁྱབ་གདལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་ཐབས་བརྒྱུད། མངོན་མིན་རིག་གནས་ཤུལ་བཞག་བརྒྱུད་སྤེལ་དང་དྲིལ་བསྒྲགས་བྱེད་དགོས། རྒྱལ་ཁབ་རིམ་པའི་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་གྱི་སྤྱིའི་འཆར་འགོད་ལག་བསྟར་དང་འཛུགས་སྐྲུན་གནས་ཚུལ་ལ་ཞིབ་བཤེར་དང་དཔྱད་དཔོག་བྱེད་དགོས། འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཡོད་མཁན་བརྡ་ཁྱབ་བཏང་ནས་བསྔགས་བརྗོད་བྱེད་པ་དང་འབྲེལ། གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་དགོས། སྲུང་སྐྱོང་ཡག་པོ་མ་བྱུང་བ་ལས་རིག་གནས་སྣོད་བཅུད་ལ་གཏོར་སྐྱོན་ཕོག་པར་ཐག་གཅོད་ནན་པོ་བྱ་རྒྱུ་དང་འབྲེལ། སྒོ་བྱང་འབེབ་རྒྱུའི་གཏན་འབེབས་བྱས་པ་རེད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།