ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཀྲན་ཧྲུའུ་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།

ཞི་ཅིན་ཕིང་གིས་ཚོགས་ཐོག་ཏུ་གསུང་བཤད་གལ་ཆེན་གནང་སྟེ་ཉིས་སྟོང་བཅོ་བརྒྱད་ལོའི་དཔལ་འབྱོར་བྱ་བར་སྤྱི་སྡོམ་བྱས་ཤིང་། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་པ་དང་ཉིས་སྟོང་བཅུ་དགུ་ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས། ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས་སང་ལོའི་དཔལ་འབྱོར་བྱ་བར་བཀོད་སྒྲིག་བྱས་པར་མ་ཟད་སྤྱི་སྡོམ་གཏམ་བཤད་སྤེལ།

ཚོགས་ཐོག་ནས་བསྟན་དོན། སང་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་གི་ལོ་ཡིན་པས་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་རྒྱུ་ཧ་ཅང་གལ་ཆེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་སྒོས་ལག་བསྟར་བྱེད་པ་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱེད་དགོས་ལ། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཚོང་ར་ཅན་གྱི་བཅོས་སྒྱུར་ཟབ་སྤེལ་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་རྒྱ་བསྐྱེད་པ་རྒྱུན་འཁྱོངས་བྱས་ནས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་མུ་མཐུད་དུ་་མཁྲེགས་གཏོར་འཐབ་ཇུས་ཆེན་པོ་གསུམ་དངོས་འབེབས་བཟང་བོ་བྱེད་དགོས་ལ། བྱེ་བྲག་གི་གཙོ་གཞིའི་གསོན་ཤུགས་ཇེ་ཆེར་གཏོང་བ་དང་ཆེ་ཕྱོགས་ནས་ཚོད་འཛིན་དང་སྙོམ་སྒྲིག་བྱེད་པར་གསར་སྐྲུན་དང་འཐུས་ཚང་དུ་གཏོང་བར་མ་ཟད། འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་། དམངས་ཚིས་ལེགས་བཅོས། ཉེན་ཁ་འགོག་སྲུང་བྱ་བར་གཅིག་གྱུར་སྒོས་བཀོད་འདོམས་དང་ལག་བསྟར་བྱས་ནས། དཔལ་འབྱོར་འཁོར་རྒྱུག་དེ་ལུགས་མཐུན་གྱི་བར་གནས་སུ་སྲུང་འཛིན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ལས་ཞུགས་བརྟན་འཇགས་དང་དངུལ་རྩ་བརྟན་འཇགས། ཕྱི་དངུལ་བརྟན་འཇགས། ཕྱི་ཚོང་བརྟན་འཇགས། ཕྱི་གཏོང་བརྟན་འཇགས། སྔོན་དཔག་བརྟན་འཇགས་སུ་གཏོང་དགོས་ལ། ཚོང་རའི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་ཇེ་དྲག་ཏུ་གཏོང་དགོས་པ་དང་། དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་བརྟན་འཇགས་ཡོང་བར་འགན་སྲུང་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་ཐག་གཅོད་རང་བཞིན་གྱི་རྨང་གཞི་བརྟན་པོ་འདིང་དགོས་པ་དང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཆེ་ཕྱོགས་ཀྱི་སྲིད་ཇུས་ལེགས་སྒྲིག་བྱེད་པར་ཤུགས་བསྣན་ཏེ་མུ་མཐུད་དུ་ཧུར་ཐག་གི་ནོར་སྲིད་སྲིད་ཇུས་དང་བརྟན་འཇགས་ཀྱི་དངུལ་ལོར་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་པ་དང་སྤྱིའི་དགོས་མཁོ་བརྟན་འཇགས་སུ་གཏོང་དགོས། ཧུར་ཐག་གི་ནོར་སྲིད་སྲིད་ཇུས་ཀྱིས་ནུས་ཤུགས་འདོན་པ་དང་ཕན་འབྲས་ཇེ་མཐོར་གཏོང་བ་དང་། གཞི་ཁྱོན་ཆེ་བའི་སྒོ་ནས་དཔྱ་ཁྲལ་ཇེ་ཉུང་དང་འགྲོ་གྲོན་ཇེ་དམའ་རུ་གཏོང་དགོས་ལ། བརྟན་འཇགས་དངུལ་ལོར་གྱིས་ཚད་རན་པོར་བཏང་ནས་འཁོར་རྒྱུག་རང་བཞིན་གྱི་ལུགས་མཐུན་ཚད་གཞི་སྲུང་འཛིན་བྱེད་དགོས། སྒྲིག་གཞི་རང་བཞིན་གྱི་སྲིད་ཇུས་ཀྱིས་སྒྲིག་སྲོལ་རྐྱེན་སྲོལ་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། བཅོས་སྒྱུར་ལ་སྒུལ་ཤུགས་ལྡན་པ་རྒྱུན་འཁྱོངས་བྱེད་པ་དང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱལ་ཁབ་ཁེ་ལས་དང་ནོར་ཁྲལ་དངུལ་རྩ། ས་ཞིང་། ཚོང་རར་ཞུགས་པ། སྤྱི་ཚོགས་དོ་དམ་སོགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་དགོས་པར་མ་ཟད་སྤྱི་ཚོགས་སྲིད་ཇུས་ཀྱིས་མས་སྐྱོར་འགན་སྲུང་ནུས་པ་ཇེ་ཆེར་གཏོང་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ད་ལོའི་མཁྲེགས་གཏོར་ཆེན་པོ་གསུམ་གྱི་ཐད་ནས་རྒྱལ་ཁ་བླངས་པ་དང་། སང་ལོའི་འབུར་ཐོན་གནད་དོན་ལ་ཁ་གཏད་དེ། བྱ་བ་གལ་ཆེན་བཟང་བོར་བསྒྲུབ་དགོས། ཉེན་ཁ་ཆེན་པོ་འགོག་པ་དང་ཐག་གཅོད་པའི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་ན། སྒྲིག་གཞི་རང་བཞིན་གྱི་འཇའ་ཤིང་མེད་པར་བཟོ་བའི་གཞི་རྩའི་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། དངུལ་རྩའི་ཚོང་རའི་རྒྱུན་ལྡན་མིན་པའི་གནས་ཚུལ་ལ་སྔོན་འགོག་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་ན། གཙོ་བོར་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་མངོན་འགྱུར་བྱེད་པའི་ཐད་ལྷགས་པའི་འབུར་ཐོན་གནད་དོན་ཐག་གཅོད་པ་དང་། ཆུའུ་གསུམ་དང་ཁུལ་གསུམ་སོགས་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དང་དམིགས་བསལ་དབུལ་ཕོངས་མང་ཚོགས་དབུལ་ཐར་བྱེད་པའི་མཁྲེགས་གཏོར་གྱི་ནུས་པ་ཆེ་རུ་བཏང་སྟེ། དབུལ་ཕོངས་མི་གྲངས་ཡང་བསྐྱར་དབུལ་བོར་འགྱུར་ཚད་ཇེ་ཉུང་དུ་གཏོང་བ་དང་བཀག་འགོག་བྱེད་དགོས། བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་ན། གཡུལ་ས་བརྟན་སྲུང་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། བར་སྟོང་སྲུང་སྐྱོབ་བྱ་བ་སོགས་བྱ་བ་བཟང་བོ་བསྒྲུབ་པར་གཞིགས་ནས། བྱ་བ་བསྒྲུབ་ཚད་དང་དངུལ་གཏོང་ཚད་ཇེ་ཆེར་གཏོང་བ་དང་། དེ་དང་མཉམ་དུ་གཅིག་གྱུར་འཆར་འགོད་དང་མཉམ་དུ་ལྟ་རྟོག་བྱས་ཏེ། ཐག་གཅོད་བྱེད་ཐབས་མི་ལེགས་པའི་གནས་ཚུལ་མི་འབྱུང་བར་བྱེད་དགོས་ཟེར།

ཚོགས་ཐོག་ནས། སང་ལོར་གཤམ་གྱི་བྱ་བའི་ལས་འགན་གཙོ་བོ་བདུན་དམ་འཛིན་བྱེད་རྒྱུ་གཏན་ཁེལ་བྱས་པ་སྟེ། གཅིག་ནས་བཟོ་སྐྲུན་ལས་རིགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། གཉིས་ནས་སྟོབས་དང་ལྡན་པའི་རྒྱལ་ནང་གི་ཚོང་ར་གྲུབ་པར་སྐུལ་འདེད་གཏོང་དགོས། གསུམ་ནས་ཞིང་སྡེ་དར་སྤེལ་འཐབ་ཇུས་བརྟན་བརླིང་སྒོས་སྤེལ་དགོས། བཞི་ནས་ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ལྔ་ནས་དཔལ་འབྱོར་སྒྲིག་གཞི་བཅོས་སྒྱུར་མྱུར་དུ་སྤེལ་དགོས། དྲུག་ནས་ཁྱོན་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་སྤེལ་བར་སྐུལ་འདེད་གཏོང་དགོས། བདུན་ནས་དམངས་ཚིས་ལ་འགན་སྲུང་དང་ལེགས་སྒྱུར་བྱེད་པར་ཤུགས་སྣོན་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་འཕེལ་རྒྱས་ཐད་ནས་སྦས་ཤུགས་ཆེན་པོ་ཡོད་པ་དང་། དཔལ་འབྱོར་ཡུན་རིང་བོར་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་འགྱུར་མི་སྲིད། ཆེ་ཕྱོགས་སྲིད་ཇུས་དང་གྲུབ་ཚུལ་རང་བཞིན་གྱི་སྲིད་ཇུས། སྤྱི་ཚོགས་སྲིད་ཇུས་བཅས་ཀྱི་ཁ་ཕྱོགས་ཡང་དག་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། དཔལ་འབྱོར་འོས་འཚམ་གྱི་བར་མཚམས་སུ་འཁོར་སྐྱོད་བྱེད་པར་ཁག་ཐེག་བྱེད་དགོས། ནོར་སྲིད་སྲིད་ཇུས་བཟང་བོ་དང་བརྟན་བརླིང་གི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་པ་དང་། ལས་ཞུགས་གཙོར་འཛིན་པའི་སྲིད་ཇུས་ལག་བསྟར་བྱེད་པ། གཞི་ཁྱོན་སྔར་ལས་ཆེ་བའི་སྒོ་ནས་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བ་དང་གྲོན་དངུལ་མངོན་གསལ་སྒོས་ཇེ་དམའ་རུ་གཏོང་བར་སྐུལ་འདེད་བཏང་སྟེ། ཁེ་ལས་ཀྱི་དངུལ་བསྲེས་བྱེད་དཀའ་བའི་གནད་དོན་ཐག་གཅོད་དགོས། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་། དབང་གཏོང་དང་དོ་དམ། ཞབས་ཞུའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས། སྒུལ་ནུས་གསར་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། གསར་གཏོད་ཀྱི་ནུས་པ་དང་ལས་ཆོད་ཁྱོན་ཡོངས་ནས་མཐོར་འདེགས་བཏང་སྟེ། དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་ལས་འགན་གལ་ཆེན་ལ་གཞིགས་ནས། དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་སྤེལ་བརྟན་བརླིང་ངང་སྤེལ་དགོས། ནང་མཁོ་སྦས་ཤུགས་རྒྱུན་མཐུད་ངང་ཕྱིར་བཏང་སྟེ། ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ནོར་སྲིད་དཔྱ་ཁྲལ་དངུལ་རྩ་དང་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་སོགས་ཁྱབ་ཁོངས་གཙོ་བོའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ལ་གནོད་སྐྱེལ་བའི་གནད་དོན་ཐག་བཅད་དེ། འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཇེ་དྲག་ཏུ་གཏོང་དགོས། མཉམ་དུ་དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་སྟེ། བཙོག་བཟོ་འགོག་བཅོས་དང་སྐྱེ་ཁམས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། གཞི་རྩར་འགན་སྲུང་དང་མས་སྐྱོར་བྱེད་པ་འབུར་ཐོན་བྱས་ནས། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བཟང་བོ་བྱེད་དགོས་ཟེར།

ཚོགས་ཐོག་ནས། དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་ན། ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཏང་གིས་དཔལ་འབྱོར་བྱ་བར་འགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བྱེད་པ། ལས་བྱེད་པའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་གྲུབ་འབྲས་ལེན་པར་སྐུལ་སློང་བྱེད་པ། སློབ་སྦྱོང་དང་བརྟག་བཤེར་ཞིབ་འཇུག་ལ་ཤུགས་བསྣན་ནས། གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས། ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། གོང་འོག་སེམས་གཅིག་དང་དཀའ་ངལ་གདོང་གིས་བསུ་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་བཟང་བོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་བསུ་མ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་སྲིད་ཨུ་ཡོན། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་སོགས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།