ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཨར་ཅི་རི་ཡའི་ཙུང་ཐུང་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་ཨར་ཅི་རི་ཡའི་དམངས་གཙོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་པུའུ་ཐི་ཧྥུའུ་ལིས་ཁཱ་བར་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ཀྲུང་གོ་དང་ཨར་ཅི་རི་ཡའི་སྲོལ་རྒྱུན་གྱི་མཛའ་བརྩེ་ཧ་ཅང་ཟབ་པ་དང་། ཀྲུང་གོ་ནི་ཨར་ཅི་རི་ཡ་དེ་ཨ་རབ་རྒྱལ་ཁབ་མིན་པ་ཁས་ལེན་པའི་རྒྱལ་ཁབ་དང་པོ་ཡིན་ལ། ཨར་ཅི་རི་ཡ་ནི་ཆེས་ཐོག་མར་ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་ཧྥེ་གླིང་གི་རྒྱལ་ཁབ་གྲས་ཀྱི་གཅིག་ཡིན། འབྲེལ་བ་བཙུགས་པའི་ལོ་ངོ་དྲུག་ཅུའི་རིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་ནམ་ཡང་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས་ཡོད། 2014ལོར་ཀྲུང་གོ་དང་ཨར་ཅི་རི་ཡའི་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། ང་དེར་ཡིད་ཚིམ་ཡོད། ངས་ཀྲུང་གོ་དང་ཨར་ཅི་རི་ཡའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་དུ་འབད་འཐབ་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་ལོ་དེ་འགོ་ཚུགས་ས་གསར་བ་རུ་བྱེད་པ་དང་། སྲོལ་རྒྱུན་གྱི་མཛའ་བརྩེ་དར་སྤེལ་གཏོང་བ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཀྲུང་གོ་དང་ཨར་ཅི་རི་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཟེར།

པུའུ་ཐི་ཧྥུའུ་ལིས་ཁཱ་ཡིས་གློག་འཕྲིན་ནང་། ལོ་ངོ་དྲུག་ཅུའི་རིང་ཨར་ཅི་རི་ཡ་དང་ཀྲུང་གོའི་འབྲེལ་བ་བདེ་བླག་ངང་འཕེལ་རྒྱས་སུ་སོང་བར་ཡིད་ཚིམ་ཡོད་པའི་ཚུལ་བསྟན། ཁོས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ནམ་ཡང་ཕན་ཚུན་ཡིད་རྟོན་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཨར་ཅི་རི་ཡ་ཕྱོགས་ཀྱིས་མུ་མཐུད་དུ་ཨར་ཅི་རི་ཡ་དང་ཀྲུང་གོའི་བར་གྱི་ཆབ་སྲིད་ཡིད་རྟོན་ཇེ་བརྟན་དུགཏོང་འདོད་ཡོད་ལ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་རྒྱབ་སྐྱོར་བྱས་ནས། ཨར་ཅི་རི་ཡ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།