ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ལིས་ཁི་ཆང་གིས་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་བྱེད་པར་མཛུབ་སྟོན་དང་མཆན་བཀོད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་སྔོན་བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་ནི་རང་རྒྱལ་གྱི་བཅོས་སྒྱུར་སྒོ་འབྱེད་དང་མཉམ་དུ་ལག་བསྟར་བྱས་པའི་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ཡིན་ལ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཚབ་མཚོན་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་ཞིག་ཀྱང་ཡིན། ལོ་ངོ་བཞི་བཅུར་འབད་འཐབ་ལྷོད་མེད་བྱས་པར་བརྟེན་ནས། བཟོ་སྐྲུན་འཛུགས་སྐྲུན་ལ་སྐྱེ་ཁམས་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་ཆེན་པོ་ཐོབ་ནས། འཛམ་གླིང་སྟེང་སྐྱེ་ཁམས་བཅོས་སྐྱོང་གི་རྒྱལ་ཁའི་མིག་དཔེར་གྱུར་ཡོད། དེང་སྐབས། བྱང་གསུམ་ས་ཁུལ་གྱི་སྐྱེ་ཁམས་སྔར་བཞིན་ཉམས་ཞན་ཡིན་ལ། བྱང་གསུམ་བཟོ་སྐྲུན་མུ་མཐུད་དུ་འཛུགས་སྐྲུན་བྱས་ན་ཁུལ་ཁོངས་རྒྱུན་སྲིང་འཕེལ་རྒྱས་ལ་ཕན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་གྱི་འཕེལ་རྒྱས་ལ་ཡང་ཕན་པ་ཡོད་པས། ཡུན་ནས་ཡུན་དུ་འབད་བརྩོན་གྱིས་སྒྲིག་སྲོལ་རྐྱེན་སྲོལ་གསར་གཏོད་བྱེད་པ་དང་། སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། བྱང་གསུམ་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བསྟུད་མར་ལེགས་བཅོས་བྱེད་པ་དང་། མེས་རྒྱལ་བྱང་རྒྱུད་ཀྱི་ལྗང་མདོག་སྐྱེ་ཁམས་ལྕགས་རི་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ནས། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་བསྟན་དོན། ལོ་བཞི་བཅུའི་རིང་ལ་མི་རབས་འགས་དཀའ་སྤྱད་འབད་བརྩོན་བྱས་པར་བརྟེན་ནས། བྱང་གསུམ་འགོག་སྲུང་ནགས་མ་ལག་གི་འཛུགས་སྐྲུན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས། མེས་རྒྱལ་བྱང་རྒྱུད་དུ་བྱེ་རླུང་འགོག་པ་དང་། ས་ཆུ་སྲུང་འཛིན་བྱེད་པ། ཞིང་ཕྱུགས་ལས་ལ་ཡར་སྐུལ་བྱེད་པའི་ལྗང་མདོག་གི་ལྕགས་རི་ཞིག་བསྐྲུན་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་རྒྱལ་ཁའི་མིག་དཔེ་བསྟན་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་འཛུགས་པ་དང་། ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ཚན་རིག་གི་ཆོས་ཉིད་ལ་བརྩི་བཀུར་བྱེད་པ། དོན་དངོས་ཀྱི་དགོས་མཁོ་དང་ཆུའི་ཐོན་ཁུངས་ཀྱི་ཐེག་ཤུགས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་ཡོངས་ནས་བསམ་གཞིགས་བཏང་སྟེ། བྱང་གསུམ་བཟོ་སྐྲུན་མུ་མཐུད་དུ་འཛུགས་སྐྲུན་བཟང་པོ་བྱེད་དགོས་པར་མ་ཟད། ཞང་སྡེ་དར་སྤེལ་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་བྱེད་པར་ཟུང་སྦྲེལ་བྱེད་པ་དང་། ལྗང་མདོག་གི་རྒྱ་བསྐྱེད་པ་དང་ཡོང་སྒོ་འཕར་བར་བྱེད་པ་གཉིས་གཅིག་གྱུར་གྱིས་མངོན་འགྱུར་ཡོང་བར་འབད་བརྩོན་བྱས་ཏེ། སྔར་ལས་སྲ་བརྟན་གྱི་སྐྱེ་ཁམས་ལྕགས་རི་རྒྱུན་སྲིང་སྒོས་བསྐྲུན་པར་ཡར་སྐུལ་བྱེད་དགོས་ཟེར།

བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་བྱས་ཏེ་ལོ་འཁོར་བཞི་བཅུ་ལོན་པའི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་པེ་ཅིན་ནས་ཚོགས། ཚོགས་ཆེན་སྟེང་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུངས་བཤད་གནང་། ཁོང་གིས་བསྟན་དོན། ལོ་བཞི་བཅུའི་འབད་བརྩོན་བརྒྱུད་ནས། བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་སྟེ། སྐྱེ་ཁམས་ལྕགས་རི་བསྐྲུན་པ་དེས་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་འཛམ་གླིང་གི་སྐྱེ་ཁམས་བཅོས་སྐྱོང་ལ་རྒྱལ་ཁའི་མིག་དཔེ་བསྟན་ཡོད་ལ། ཕྱོགས་བསྡུས་ཕན་འབྲས་བཏོད་པ་དེས་ཁུལ་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་ཡོད་པ་དང་། ལག་ལེན་གྱི་ཉམས་མྱོང་བསགས་པ་དེས་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་སོགས་ཀྱི་མ་ལག་བཅོས་སྐྱོང་ལ་དཔྱད་གཞི་ལེགས་པོ་འདོན་སྤྲོད་བྱས་ཡོད་ཅིང་། སྙིང་སྟོབས་ཆེན་པོ་བསྐྱེད་པ་དེས་སྐྱེ་ཁམས་དང་དཔལ་ཡོན་དང་མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་ཆེན་པོ་བསྣན་ཡོད་ཟེར།

ཧན་ཀྲིན་གྱིས་བསྟན་དོན། བྱང་གསུམ་ས་ཁུལ་གྱི་སྐྱེ་ཁམས་སྔར་བཞིན་ཉམས་ཞན་ཡིན་པ་དང་། བྱང་གསུམ་བཟོ་སྐྲུན་འཛུགས་སྐྲུན་ལ་ཡང་དཀའ་ངལ་དང་འགྲན་རྩོད་མང་པོ་གནས་པས། དགོས་གཏུག་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས། ཡང་འབད་བསྐྱར་འབད་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འཆར་འགོད་གཅིག་འདོམས་ལ་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་པར་སྡོང་འཛུགས་ནགས་སྐྲུན་རྩྭ་འདེབས་ལ་འབད་པ། སྲུང་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏོང་བ། སྐྱེ་ཁམས་དམངས་ཕན་དམངས་ཕྱུག་ལ་ཡར་སྐུལ་བྱེད་པ། བཟོ་སྐྲུན་འཛུགས་སྐྲུན་རྐྱེན་སྲོལ་གསར་གཏོད་བྱེད་པ་བཅས་ཀྱི་སྒོ་ནས་བྱང་གསུམ་བཟོ་སྐྲུན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་བཏང་སྟེ། སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་སྔར་ལས་བརྟན་པོ་བསྐྲུན་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།