ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་ནས་ཀྲུང་གོ་དང་ཧྥ་རན་སིའི་ཁོར་ཡུག་ལོའི་བྱ་འགུལ་སྤེལ་འགོ་བརྩམས་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གཉིས་ཀྱིས་ཚེས་བཅུ་དགུ་ཉིན་ཕན་ཚུན་ལ་གློག་འཕྲིན་བཏང་ནས། ཀྲུང་གོ་དང་ཧྥ་རན་སིའི་ཁོར་ཡུག་ལོའི་བྱ་འགུལ་དངོས་སུ་སྤེལ་འགོ་བརྩམས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ལས་བསྟན་དོན། སྐྱེ་ཁམས་དར་ན་དཔལ་ཡོན་དར་བ་དང་། སྐྱེ་ཁམས་རྒུད་ན་དཔལ་ཡོན་རྒུད་པ་ཡིན། ཀྲུང་གོ་དང་ཧྥ་རན་སི་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཧྥ་རན་སིའི་ཁོར་ཡུག་ལོའི་བྱ་འགུལ་སྤེལ་རྒྱུའི་ཐག་བཅད་པ་ནི། ཕྱོགས་གཉིས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་སོགས་ཁྱབ་ཁོངས་ཀྱི་གྲོས་མོལ་དང་མཉམ་ལས་ལ་ཤུགས་བསྣན་ནས། ལག་རྡང་མཉམ་སྦྲེལ་གྱིས་འཛམ་གླིང་གི་ཁོར་ཡུག་ཐད་ཀྱི་འགྲན་རྩོད་ལ་ཁ་གཏད་འཇལ་རྒྱུ་དེ་ཡིན། ཀྲུང་གོས་ཧྥ་རན་སི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་ལག་རྡང་མཉམ་སྦྲེལ་གྱིས་མདུན་སྐྱོད་བྱས་ཏེ། མིའི་རིགས་འཚོ་གནས་བྱེད་སའི་གོ་ལའི་ཁྱིམ་གཞི་ལ་སྲུང་སྐྱོབ་བཟང་པོ་བྱས་ནས། དག་གཙང་མཛེས་སྡུག་གི་འཛམ་གླིང་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

མཱ་ཁི་ལུང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བསྟན་དོན། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་དང་། ཁོར་ཡུག་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པ་ནི་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་ཆེས་གལ་ཆེ་བའི་འགྲན་རྩོད་ཅིག་ཡིན་ལ། ཧྥ་རན་སི་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་སྲོག་ཤིང་གི་ནང་དོན་ཡང་ཡིན། ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཤུགས་ཆེར་སྤེལ་བཞིན་པ་དང་། ཕྱོགས་མང་གི་ནམ་ཟླ་བཅོས་སྐྱོང་འཕེལ་རིམ་ཁྲོད་ཧུར་ཐག་གིས་ཞུགས་བཞིན་ཡོད་ལ། དེས་ཧྥ་རན་སི་དང་ཀྲུང་གོའི་མཉམ་ལས་ལ་རྨང་གཞི་བརྟན་པོ་བཏིངས་ཡོད། ཧྥ་རན་སི་ཡིས་ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཛམ་གླིང་ལྗང་མདོག་དང་ཐཱན་ཉུང་། རྒྱུད་སྲིང་བཅས་ཀྱི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པར་ཁྲིད་སྟོན་བྱེད་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།