ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ་ཡིས་མར་ཏི་ཝེ་ཡི་གསར་དུ་བདམས་པའི་ཙུང་ཐུང་ས་ལི་ཧི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས18ཉིན་གྱི་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཆེད་མངག་ཕོ་ཉ། རིག་གནས་དང་གནས་སྐོར་པུའུ་ཡི་པུའུ་ཀྲང་ལའོ་ཧྲུའུ་ཀང་གིས་མར་ཏི་ཝེ་ཙུང་ཐུང་བཞུགས་ཤག་ནས་མར་ཏི་ཝེ་ཡི་གསར་དུ་བདམས་པའི་ཙུང་ཐུང་ས་ལིས་ཧི་ལ་མཇལ་འཕྲད་གནང་།

ལའོ་ཧྲུའུ་ཀང་གིས་ས་ལིས་ཧི་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་བྱས་པར་མ་ཟད་ས་ལི་ཧི་མར་ཏི་ཝེ་ཡི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས། ལའོ་ཧྲུའུ་ཀང་གིས་བཤད་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་མར་ཏི་ཝེ་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། མར་ཏི་ཝེ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་ཞིང་ཕྱོགས་གཉིས་བར་གྱི་དངོས་གཉེར་མཉམ་ལས་ལ་འཆར་འགོད་བཟང་བོ་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་མར་ཏི་ཝེ་གཉིས་ཀྱིས་མ་འོངས་པར་ཁ་ཕྱོགས་པའི་ཁྱོན་ཡོངས་ཀྱི་མཛའ་མཐུན་མཉམ་ལས་གྲོགས་པོའི་འབྲེལ་བར་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།

ས་ལི་ཧི་ཡིས་བཤད་རྒྱུར། མར་ཏི་ཝེ་སྲིད་གཞུང་གིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། བློ་ཐག་རྦད་ཆོད་སྒོས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་སྤྱི་ཁོག་ནང་གི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།