ཞི་ཅིན་ཕིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་དྲུག་པ་པར་ཞུགས་པར་མ་ཟད་གསུང་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས18ཉིན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་དྲུག་པ་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་ཀྱི་མོ་ཨར་སི་པུས་ཀང་ནས་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་ཁ་ཡིག་ལ་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འཕེལ་རྒྱས་མཉམ་དུ་འཆར་འགོད་བྱེད་དགོས་ཞེས་པའི་གསུང་བཤད་གནང་། ཁོང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཕྱོགས་སོ་སོས་དཔལ་འབྱོར་འཛམ་གླིང་ཅན་གྱི་འཕེལ་རྒྱས་གནས་བབ་དང་བསྟུན་ཏེ་ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་དམིགས་འབེན་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་གསར་སྐྲུན་བྱེད་པའི་ཁ་ཕྱོགས་ཆེན་པོ་གསལ་བོར་ཤེས་དགོས་ལ། ཧུར་ཐག་སྒོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་རྣམ་པ་སྲུང་འཛིན་བྱས་ནས་བརྟན་བརླིང་སྒོས་ཆུ་ཚད་མཐོན་པོའི་ཕྱོགས་སུ་སྐྱོད་དགོས་ཞེས་ནན་གྱིས་བསྟན།

ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་སྟེང་གྲོས་ཚོགས་དངོས་སུ་ཚོགས་འགོ་བརྩམས་པ་དང་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་ཀྱི་ཙུང་ལི་ཨོ་ཉི་ཨར་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཚོགས་ཐོག་ཏུ་ཞི་ཅིན་ཕིང་གིས་གསུངས་རྒྱུར། དེང་སྐབས་འཛམ་གླིང་དུ་འཕེལ་རྒྱས་དང་འཕོ་འགྱུར་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པ་དང་།  ལོ་རྒྱུས་མདུན་སྐྱོད་ཀྱི་གཞི་མདོ་ཆེན་མོ་རུ་ལངས་ཏེ། ང་ཚོས་འཛམ་གླིང་གི་གནས་བབ་ཆེན་པོ་གསལ་བོར་ཤེས་པར་བྱེད་པ་དང་། དཔལ་འབྱོར་གྱི་གནས་བབ་ཁོང་དུ་ཆུད་པར་བྱེད་དགོས་ལ། མ་འོངས་པའི་ཁ་ཕྱོགས་གཏན་འཁེལ་གསལ་བོ་བྱེད་པ་དང་དུས་རབས་ཀྱི་བརྗོད་དོན་གསལ་འདོན་བྱེད་དགོས། གཅིག ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། སྒོ་འབྱེད་རང་བཞིན་གྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མའི་དཔལ་འབྱོར་གསར་སྐྲུན་བྱེད་དགོས། གཉིས། གསར་སྐྲུན་འདེད་སྐུལ་རྒྱུན་འཁྱོངས་བྱས་ཏེ་འཕར་སྣོན་གྱི་སྒུལ་ནུས་གསར་བ་གསོ་སྐྱོང་བྱེད་དགོས། གསུམ། མཉམ་སྦྲེལ་མཉམ་མཐུད་དྲ་རྒྱ་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ་བཟོད་སྒོམ་མཉམ་འབྲེལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཞི། གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱེད་པ་དང་ལག་རྡང་སྦྲེལ་ནས་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འགོ་ཁྲིད་པར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཉིས་སྟོང་ཉི་ཤུ་ལོའི་རྗེས་ཀྱི་མཉམ་ལས་མདུན་ལྗོངས་ལ་འཆར་འགོད་བཟང་བོ་བྱེད་པའི་འགན་འཁྲི་ཡོད། ཀྲུང་གོ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་ཀྱི་གྲོས་འདོན་མཁན་དང་ལག་ལེན་མཁན་ཡིན། ཀྲུང་གོའི་འཕེལ་རྒྱས་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཕྱོགས་སོ་སོ་དང་མཉམ་ལས་དམ་པོ་བྱེད་པ་དང་འབྲལ་ཐབས་མེད་པ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འཕེལ་རྒྱས་ཐད་ལ་ནུས་པ་ཆེན་པོ་འདོན་ངེས་ཡིན། ཀྲུང་གོ་ཧུར་ཐག་སྒོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་འཕེལ་རིམ་ཁྲོད་དུ་ཞུགས་པར་མ་ཟད་ཕྱོགས་སོ་སོ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དར་རྒྱས་གོང་འཕེལ་དུ་འགྲོ་བར་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།