ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཕྱི་འབྲེལ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པར་ཐུན་མོང་གི་ཐུག་འཕྲད་བྱས་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་ཨར་སི་པུས་ཀང་ནས་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་ཀྱི་ཙུང་ལིས་ཨོ་ཉི་ཨར་དང་སྨི་ཁེ་རོ་ནི་ཞི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཁི་ལིས་སི་ཆིན། ས་མོ་ཡའི་ཙུང་ལི་ཐུའུ་དབྱི་ལ་ཨེ་ཕ། ཝ་ནུ་ཨ་ཐུའི་ཙུང་ལི་ས་ཨར་ཝེ། ཁོ་ཁེ་གླིང་ཚོམ་གྱི་ཙུང་ལི་ཕུའུ་ན། ཐང་ཀའི་དབུ་བཞུགས་བློན་ཆེན་པོ་ཞི་བ། ནིའུ་ཨེ་ཡི་ཙུང་ལི་ཐ་ལ་ཅི་སོགས་དང་དེ་མིན་ཧྥི་ཅི་སྲིད་གཞུང་གི་འཐུས་མི། རྒྱལ་སྲུང་པུའུ་ཀྲང་ཁུན་པུའུ་ཨན་པོ་ལཱ་བཅས་ལ་ཐུན་མོང་གི་ཐུག་འཕྲད་བྱས། ཁོ་ཚོས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་གྱི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་ཐད་ལ་ལྟ་ཚུལ་བརྗེ་རེས་བྱས་པར་མ་ཟད། ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཕན་ཚུན་ལ་བརྩི་འཇོག་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཇེ་མཐོར་བཏང་ནས་ཁྱོན་ཡོངས་ཀྱི་མཉམ་ལས་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་ཡིད་འཐད་བྱུང་། ཞི་ཅིན་ཕིང་གིས་ཐུག་འཕྲད་ལ་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ་གནས་བབ་གསར་བའི་འོག་ཏུ་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་གྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་གྲོས་གཞི་བཏོན་པར་མ་ཟད། ཕྱོགས་གཉིས་ཀྱིས་གོ་སྐབས་དམ་འཛིན་དང་མ་འོངས་པ་མཉམ་སྐྲུན་བྱེད་པ་དང་། ལག་རྡང་སྦྲེལ་ནས་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་གྱི་འབྲེལ་བའི་ཐད་ལ་སྔར་ལས་མཛེས་པའི་མ་འོངས་པ་ཞིག་གསར་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་གཏོང་བའི་ཐད་ལ་གྲོས་གཞི་འགའ་བཏོན། གཅིག འདྲ་མཉམ་མཉམ་གནས་རྒྱུན་འཁྱོངས་བྱས་ཏེ་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། གཉིས། གཉིས་ཕན་མཉམ་ལས་རྒྱུན་འཁྱོངས་བྱས་ཏེ་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་མངོན་འགྱུར་བྱེད་དགོས། གསུམ། གཅིག་སེམས་གཅིག་སྦྲེལ་རྒྱུན་འཁྱོངས་བྱས་ཏེ་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་དགོས། བཞི། རོགས་སྐྱོར་རོགས་འདེགས་རྒྱུན་འཁྱོངས་བྱས་ཏེ་འདྲ་མཉམ་དྲང་བཞག་སྲུང་སྐྱོབ་བྱེད་དགོས་པ་བཅས་རེད།

གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྣམས་ཀྱིས་བཤད་རྒྱུར། ཀྲུང་གོ་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱིས་འཕེལ་རྒྱས་ཀྱི་རེ་འདུན་མངོན་འགྱུར་བྱེད་པ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པ། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བའི་གྲོགས་པོ་གཙོ་བོ་ཡིན་པས། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་མཐུན་སྦྱོར་བཟང་བོ་བྱེད་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།