ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས་བཅོ་བརྒྱད་ཉིན་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། གཏན་ལ་ཕབ་ཟིན་པའི་ཁྲལ་འཕྲི་རིན་གཅོག་བྱེད་ཐབས་དངོས་སུ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། སྤྱི་ཚོགས་འགན་སྲུང་གྲོན་དངུལ་གྱི་ད་ལྟའི་བསྡུ་ལེན་སྲིད་ཇུས་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། གནད་འགག་ཁྱབ་ཁོངས་དང་ཉམ་ཞན་གོ་རིམ་གྱི་ནུས་ལྡན་དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་ནས། ནང་མཁོ་རྒྱ་བསྐྱེད་པ་ལས་སྒྲིག་གཞི་ལེགས་སྒྲིག་དང་དམངས་ཚིས་ལེགས་སྒྱུར་བྱེད་པར་བཀོད་སྒྲིག་བྱས་ལ། ཕྱི་འཚོང་འཕར་སྣོན་དང་འགག་དགྲོལ་སྟབས་བདེ་ཅན་ལ་ཡར་སྐུལ་བྱེད་པའི་ཐབས་ལམ་གཏན་ཁེལ་བྱས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དེང་སྐབས་རྒྱལ་སྤྱིའི་གནས་བབ་ལ་རྙོག་འཛིང་ཆེ་བའི་གནས་ཚུལ་འོག་ཏུ། རང་རྒྱལ་གྱི་ཁྲོམ་རའི་གསོན་ཤུགས་སྔར་ལས་བསྐྱེད་དགོས་ན། གནད་འགག་གི་བྱེད་ཐབས་ཤིག་ནི་སྲིད་བསྡུ་ཁྲལ་འཕྲི་རིན་གཅོག་གི་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་རྒྱུ་དེ་ཡིན་པས། ཁྲལ་འཕྲི་རིན་གཅོག་གི་བྱེད་ཐབས་དངོས་སུ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། དངོས་འབེབས་གནས་ཚུལ་ལ་ཞིབ་བཤེར་བྱེད་དགོས་པ་དང་། འགོར་འགྱངས་དང་ལྷོད་གཡེང་གཏན་ནས་བྱེད་དུ་འཇུག་མི་རུང་ལ། རང་སྣང་གང་ཤར་ལྟར་གཏན་ནས་བསྒྲུབ་ཏུ་འཇུག་མི་རུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི་སྤྱིའི་ཆ་ནས་ཁེ་ལས་ཀྱི་ཁུར་པོ་ཇེ་ལྕི་རུ་མི་གཏོང་བའི་བཀོད་སྒྲིག་ལྟར་དུ། ལས་ཁུངས་བཅོས་སྒྱུར་གྱི་ཁྲོད་དུ་སྤྱི་ཚོགས་འགན་སྲུང་གྲོན་དངུལ་གྱི་ད་ཡོད་བསྡུ་ལེན་སྲིད་ཇུས་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས། བསྡུ་ལེན་དོ་དམ་ཁྲོད་དུ་བྱུང་བའི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་ལ་མཐའ་གཅིག་ཏུ་རྩད་གཅོད་བྱས་ཏེ་ཁྲིམས་ཆད་གཅོད་དགོས། དེ་དང་མཉམ་དུ་སྤྱི་ཚོགས་འགན་སྲུང་གྲོན་དངུལ་གྱི་བསྡུ་ཚད་ཇེ་དམའ་རུ་གཏོང་བའི་ཐབས་ཇུས་མྱུར་དུ་བཏོན་ནས། བསྡུ་ལེན་སྒྲིག་སྲོལ་བཅོས་སྒྱུར་དང་མཉམ་དུ་ལག་བསྟར་བྱེད་དགོས།

གྲོས་ཚོགས་ནས་བསྟན་དོན། ད་ལོར་རང་རྒྱལ་གྱི་གཏན་འཇགས་རྒྱུ་ནོར་ཐད་ཀྱི་མ་དངུལ་འཕར་ཚད་མར་བབས་པ་དང་། ས་གནས་ཁ་ཤས་ཀྱི་རྨང་གཞིའི་སྒྲིག་ཆས་ཐད་མ་དངུལ་གཏོང་ཚད་དུས་མཉམ་ལས་ཇེ་དམའ་རུ་སོང་བས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། ཞན་ཆ་གསབ་པ་དང་ནུས་ལྡན་དངུལ་གཏོང་རྒྱ་བསྐྱེད་པ་དང་། དངུལ་གཏོང་གི་འཕར་སྣོན་རྒྱུན་ལྡན་གྱི་ཚད་དུ་གཏན་འཇགས་ཡོང་བར་བྱེད་དགོས། འདི་ནི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། ལས་ཞུགས་ལ་སྐུལ་ཁྲིད་བྱེད་པའི་བྱེད་ཐབས་གལ་ཆེན་ཡང་ཡིན།

སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་པ་དང་། ཕྱིར་གཏོང་ནང་འདྲེན་གཏན་འཇགས་སྒོས་འཕར་སྣོན་ཡོང་བར་བྱེད་ཆེད། གྲོས་ཚོགས་སྟེང་གཅིག་ནས་ཉོ་འཚོང་སྔར་ལས་སྟབས་བདེ་ཅན་དུ་གཏོང་རྒྱུ་དང་། གཉིས་ནས་ཕྱིར་གཏོང་ནང་འདྲེན་གྱི་ཁེ་ལས་མ་རྩ་སྔར་ལས་ཇེ་དམའ་རུ་གཏོང་རྒྱུའི་ཐག་བཅད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།