ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས2018ལོའི་རྒྱལ་ཡོངས་ཀྱི་སྨན་བཅོས་བཅོས་སྒྱུར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2018ལོའི་རྒྱལ་ཡོངས་ཀྱི་སྨན་བཅོས་བཅོས་སྒྱུར་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས་ཉེར་བདུན་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ནང་དུ། སྐོར་ཐེངས་གསར་པའི་སྨན་བཅོས་བཅོས་སྒྱུར་གྱི་ཚུན་ལ། ང་ཚོས་ཀྲུང་གོའི་ཐབས་ཤེས་ལ་བརྟེན་ནས་སྨན་བཅོས་ཞེས་པའི་འཛམ་གླིང་རང་བཞིན་གྱི་དཀའ་གནད་འདི་སེལ་ཏེ། དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས་པས། འཕྲོད་བསྟན་བདེ་ཐང་ལས་དོན་བརྟན་བརླིང་སྒོས་འཕེལ་བ་དང་། མི་དམངས་ཀྱི་བདེ་ཐང་ཆུ་ཚད་བརྟན་འཇགས་སྒོས་ཇེ་མཐོར་སོང་། རྒྱ་ཆེའི་སྨན་བཅོས་བཅོས་སྒྱུར་བྱ་བ་སྒྲུབ་མཁན་དང་སྨན་བཅོས་མི་སྣས་བཅོས་སྒྱུར་གསར་གཏོད་དང་ལས་བཀུར་ལས་བརྩོན་གྱི་སྙིང་སྟོབས་དར་སྤེལ་ལེགས་པོ་བྱས་ནས། སྨན་བཅོས་བཅོས་སྒྱུར་དང་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་གལ་ཆེན་བཞག་ཡོད་པས། ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན། ཁྱོད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་ཐང་ཀྲུང་གོའི་འཐབ་ཇུས་ལག་བསྟར་དང་སྨན་བཅོས་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་པ། གཞི་རྩ་སྲུང་འཛིན་དང་གཞི་རིམ་དར་སྤེལ། ནང་རྐྱེན་གསར་འཛུགས་བཅས་རྒྱུན་འཁྱོངས་བྱེད་པ་དང་། ཁེ་ཕན་ལ་རེག་ཕོད་པ་དང་དཀའ་གནད་སེལ་ཕོད་པར་བྱེད་པ། སྨན་བཅོས་དང་སྨན་བཅོས་འགན་སྲུང་། སྨན་རྫས་བཅས་མཉམ་འགུལ་གྱི་བཅོས་སྒྱུར་ཤུགས་ཚད་བསྟུད་མར་ཇེ་ཆེར་གཏོང་བ། མཐོ་དྲགས་པའི་སྨན་རིན་ཇེ་དམའ་རུ་གཏོང་བ་དང་གཞུང་བཙུགས་སྨན་ཁང་གི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། གཞི་རྩའི་སྨན་བཅོས་འགན་སྲུང་དང་རིམ་བགར་ནད་བརྟག་སྨན་བཅོས་ལམ་ལུགས་འཐུས་ཚང་དུ་གཏོང་བ། མཉམ་འབྲེལ་དྲ་སྣོན་གྱི་སྨན་བཅོས་བདེ་ཐང་འཕེལ་རྒྱས་སུ་གཏོང་བ་སོགས་ཐད་ནས་བརྒལ་གཏོར་གསར་པ་ལེན་པ་དང་། མང་ཚོགས་ཀྱིས་སྨན་བཅོས་བྱེད་དཀའ་བ་དང་སྨན་རིན་དཀའ་བའི་གནད་དོན་སྔར་ལས་ནུས་ལྡན་གྱིས་ཐག་བཅད་དེ། སྤྱི་ཚོགས་ཡོངས་སུ་སྨན་པར་བཀུར་བ་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པའི་སྣང་ཚུལ་བཟང་པོ་ཆགས་པར་བྱས་ནས། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་། དམངས་ཚིས་ལ་འགན་སྲུང་དང་ལེགས་བཅོས་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་གསར་པ་འཇོག་རྒྱུ་ནི་རེ་བ་ཡིན་ཞེས་བསྟན་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་སྨན་བཅོས་བཅོས་སྒྱུར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་སུན་ཁྲུན་ལན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོ་མོས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རང་རྒྱལ་གྱི་སྨན་བཅོས་བཅོས་སྒྱུར་གྱི་ཁ་ཕྱོགས་གསལ་བ་དང་ཕན་འབྲས་མངོན་གསལ་བླངས་ཡོད། དེང་སྐབས། སྨན་བཅོས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་དགོས་ན་ངེས་པར་དུ་དངོས་འབེབས་འཛིན་པ་དང་ཕན་འབྲས་ལེན་པའི་སྟེང་དུ་སྟོབས་ཤུགས་སྔར་ལས་མང་པོ་བཏོན་ནས། སྟོབས་ཤུགས་གཅིག་བསྡུས་ཀྱིས་མཁྲེགས་གཏོར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲོད་བསྟེན་བདེ་ཐང་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ་དང་། ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དངོས་འབེབས་ནན་མོ་བྱས་ཏེ། སྨན་བཅོས་བཅོས་སྒྱུར་ཀྱི་འདུ་ཤེས་དང་རྩ་དོན། ཐབས་ལམ་བཅས་སྔར་ལས་བརྟན་པར་བྱེད་པ་དང་། གནད་དོན་གཙོ་བོ་དང་དཀའ་མོ་ཐག་གཅོད་པ། མི་དམངས་མང་ཚོགས་ལ་ཁེ་ཕན་ཐོབ་པར་བྱེད་པ་དང་། སྨན་བཅོས་མི་སྣར་སྐུལ་མ་ཐེབས་པར་བྱེད་པ། དངུལ་གཏོང་འགན་སྲུང་རྒྱུན་སྲིང་ཡིན་པ། བདེ་ཐང་ལས་དོན་འཕེལ་རྒྱས་སུ་འགྲོ་བ་བཅས་ཧུར་ཐག་གིས་མངོན་འགྱུར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།