ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་འགག་སྒོའི་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས་ཨ་རིས་ནས་ཐོན་པའི་ནང་འདྲེན་ཚོང་ཟོག་ཁ་ཤས་ལ་སྒོ་ཁྲལ་སྤོར་རྒྱུའི་གཏན་འཁེལ་བྱས་པ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2018-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཚེས་༣ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་འགག་སྒོའི་ཁྲལ་སྲོལ་ཨུ་ཡོན་ལྷན་ཁང་གིས་སྤྱི་བསྒྲགས་སྤེལ་ནས། ཨ་རིས་ནས་ཐོན་པའི་རིན་ཐང་ཨ་སྒོར་དུང་ཕྱུར་༦༠༠ཟིན་པའི་དཔྱ་ཁྲལ་རྣམ་གྲངས་༥༢༠༧གྱི་ཚང་ཟོག་ལ། བརྒྱ་ཆ་༢༥དང་། བརྒྱ་ཆ་༢༠ བརྒྱ་ཆ་༡༠ བརྒྱ་ཆ་༥སོགས་རིམ་པ་མི་འདྲ་བའི་སྒོ་ཁྲལ་སྤོར་རྒྱུ་ཡིན་པ་གཏན་འཁེལ་བྱས་ཡོད། སྤྱི་བསྒྲགས་ནང་། སྤྱི་ལོ་༢༠༡༨ལོའི་ཟླ་༧པའི་ཚེས་༡༡ཉིན། ཨ་རི་སྲིད་གཞུང་གིས་ཀྲུང་གོ་ནས་ནང་འདྲེན་བྱས་པའི་རིན་ཐང་ཧ་ལམ་ཨ་སྒོར་དུང་ཕྱུར་༢༠༠༠ཟིན་པའི་ཚོང་ཟོག་ལ་སྒོ་ཁྲལ་བརྒྱ་ཆ་༡༠སྤོར་རྒྱུའི་བྱ་ཐབས་བཟུང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད། སྤྱི་ཟླ་༨པའི་ཚེས་༢ཉིན། ཨ་རིའི་ཉོ་ཚོང་འཐུས་མིས་ཐོག་མའི་འཆར་གཞིའི་བརྒྱ་ཆ་༡༠སྒོ་ཁྲལ་དེ་བརྒྱ་ཆ་༢༥བར་སྤོར་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད། ཨ་རི་ཕྱོགས་ཀྱིས་ཕྱོགས་གཉིས་པོའི་ཐུན་མོང་ཐོག་བྱུང་བའི་གྲོས་མོལ་མང་པོ་ཞིག་དང་རྒྱབ་འགལ་དུ་སོང་བ་དང་། ཕྱོགས་རྐྱང་པའི་ངོས་ནས་སླར་ཡང་ཉོ་ཚོང་འགལ་ཟླ་ཛ་དྲག་ཏུ་བཏང་ནས། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་སྲོལ་དང་རྒྱབ་འགལ་ཚབ་ཆེན་སོང་བ་དང་། གོ་ལའི་ཐོན་ལས་སྦྲེལ་ཐག་དང་རང་མོས་ཉོ་ཚོང་སྒྲིག་གཞིར་གཏོར་བརླག་བཏང་བ། རང་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་དོན་ངོ་བའི་གནོད་འཚེ་བཟོས་པ་དང་། ད་དུང་ཨ་རི་རང་ཉིད་ཚུད་པའི་འཛམ་གླིང་གི་དཔལ་འབྱོར་གོང་འཕེལ་འགྲོ་རྒྱུར་ཤུགས་རྐྱེན་ངན་པ་བཟོས་ཡོད་པ་རེད། གལ་སྲིད་ཨ་རིས་ཁེར་རྐྱང་གི་ལམ་བུའི་ཐོག་མུ་མཐུད་ཕྱིན་ནས་སྒོ་ཁྲལ་སྤོར་བའི་བྱ་ཐབས་མུ་མཐུད་བཟུང་ན། ཀྲུང་གོའི་ཕྱོགས་ནས་ཀྱང་དེ་མུར་གོང་གསལ་གྱི་སྒོ་ཁྲལ་སྤོར་བའི་བྱ་ཐབས་སྤྱོད་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

དེ་དང་ཆབས་གཅིག་སྤྱི་བསྒྲགས་ནང་། ཀྲུང་གོའི་ཕྱོགས་ཀྱིས་གོང་གསལ་གྱི་སྒོ་ཁྲལ་སྤོར་བའི་བྱ་ཐབས་སྤྱོད་པའི་དམིགས་ཡུལ་ནི། རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་། ངོ་རྒོལ་བྱ་ཐབས་སྤྱད་པ་བརྒྱུད་ཉོ་ཚོང་འགལ་ཟླ་ཛ་དྲག་ཏུ་འགྲོ་རྒྱུར་བཀག་འགོག་བྱ་རྒྱུ་ཡིན་པ་དང་། དེ་དང་ཆབས་གཅིག འབྲེལ་ཡོད་བྱ་ཐབས་ཀྱིས་ད་དུང་རང་རྒྱལ་གྱི་རྒྱལ་ནང་ཐོན་སྐྱེད་དང་། མི་དམངས་འཚོ་བའི་དགོས་མཁོར་ཐེབས་པའི་ཤུགས་རྐྱེན་ཉུང་དུ་གཏོང་གང་ཐུབ་བྱ་ཆེད་ཡིན་པས་རེད། གོང་གསལ་བྱ་ཐབས་ལག་བསྟར་བྱས་པའི་རྗེས། འབྲེལ་ཡོད་སྡེ་ཁག་གིས་སྤྱི་ཚོགས་ལས་རིགས་ཁག་དང་ལྷན་དུ་བྱ་ཐབས་དེའི་ནུས་པ་ཐོན་ཚད་ལ་དཔྱད་དཔོག་བྱ་རྒྱུ་ཡིན་པ་རེད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།