ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་དངུལ་རྩ་བརྟན་ལྷིང་གོང་འཕེལ་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་གཉིས་པ་སྐོང་འཚོགས་བྱས།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2018-08-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 རྒྱལ་སྲིད་སྤྱི་ཁྱབ་ཁང་དངུལ་རྩ་བརྟན་ལྷིང་གོང་འཕེལ་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་གཉིས་པ་སྐོང་འཚོགས་བྱས་ནས་དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་ཁྲིད་ནང་རྐྱེན་སེལ་རྒྱུ་དང་དངོས་གཟུགས་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་གོང་མཐོར་གཏོང་རྒྱུའི་གནད་དོན་ཐད་ཞིབ་འཇུག་བྱས་པ།  

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་དངུལ་རྩ་བརྟན་ལྷིང་གོང་འཕེལ་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་གཉིས་པ་སྐོང་འཚོགས་བྱས་ནས། མིག་སྔའི་དཔལ་འབྱོར་དངུལ་རྩའི་རྣམ་པར་ཞབས་ཞུ་སྒྲུབ་ཏེ། དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་ཁྲིད་ནང་རྐྱེན་སེལ་རྒྱུ་དང་དངོས་གཟུགས་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་གོང་མཐོར་གཏོང་རྒྱུའི་གནད་དོན་ཐད་གཙོ་གནད་ཐོག་ཞིབ་འཇུག་བྱས་ཡོད་པ་རེད།

གྲོས་ཚོགས་ཐོག མིག་སྔའི་དངུལ་རྩའི་རྣམ་པ་སྤྱིའི་ཆ་ནས་ལེགས་པོ་ཡིན་པ་དང་། སྤྱི་ཁོག་བོན་ཟུག་ཚད་གཞི་བརྟན་པོ་ཡིན་པ། ཁྲོམ་རའི་སྔོན་དཔག་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ། དངུལ་རྩའི་སྒྲིག་གཞིའི་ཚད་མཐུན་འདུ་ཤེས་གོང་མཐོར་ཕྱིན་པ། བྱུང་རྒྱལ་གྱི་སྒོ་ནས་རྒྱ་སྐྱེད་དང་། ཁྲིམས་འགལ་གྱི་མ་དངུལ་རུབ་བསྡུས་བྱེད་པ་སོགས་ཀྱི་དངུལ་རྩའི་ཚུལ་མིན་གནད་དོན་ཐོག་མའི་ཆར་བཀག་འགོག་ཐུབ་པ་དང་། དངུལ་རྩའི་ཉེན་ཁ་གྱེས་ཐོར་འགྲོ་བའི་རྣམ་པ་ནས་སྐུམ་འཐེན་བྱེད་པའི་རྣམ་པའི་བར་འགྱུར་ལྡོག་བྱུང་ཡོད། ཡིན་ནའང་། རང་རྒྱལ་གྱི་དཔལ་འབྱོར་དེ་ཉིད། འགུལ་ནུས་གསར་རྙིང་བརྗེ་པོ་རྒྱག་པའི་གནས་བབ་ཐོག་གནས་ཡོད་པས། རྒྱུན་རིང་གསོག་འཇོག་བྱས་པའི་དངུལ་རྩའི་ཉེན་ཁ་དག་ཐོན་སླ་བའི་དུས་སུ་སླེབས་པ་དང་། ཕྱི་ཕྱོགས་ཀྱི་ངེས་གཏན་མིན་པའི་རྒྱུ་རྐྱེན་མང་དུ་ཕྱིན་པ་བཅས་ཡིན་པ་མཐོང་བ་བྱས་ནས། བརྟན་ལྷིང་དང་སྔར་བས་གནད་ལ་འཕིགས་པའི་སྒོ་ནས་ཁ་གཏད་གཅོག་དགོས། དོ་སྣང་ཆེན་པོ་བྱ་དགོས་པ་ཞིག་ནི། འཁོར་རྒྱུག་རང་བཞིན་གྱི་སྤྱི་འབོར་དེ། ལུགས་མཐུན་དང་ཕུན་སུམ་ཚོགས་པའི་ཆ་རྐྱེན་འོག དངོས་གཟུགས་དཔལ་འབྱོར་གྱི་མ་རྩ་རུབ་བསྡུས་ཁག་པ་དང་། མ་རྩ་རུབ་བསྡུས་བྱེད་པར་རིན་གོང་མཐོ་བའི་གནད་དོན་ལ་དམིགས་ནས། ངེས་པར་དུ་དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་ཁྲིད་ནང་རྐྱེན་གཏོད་རྒྱུར་སྔར་བས་མཐོང་ཆེན་བྱས་ཏེ། དངོས་གཟུགས་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པའི་ནུས་པ་དང་ཆུ་ཚད་གོང་མཐོར་གཏོང་དགོས་པའི་ངོས་འཛིན་གནང་ཡོད།

གྲོས་ཚོགས་ཐོག མིག་སྔའི་དངུལ་རྩའི་ལས་དོན་ལེགས་པོ་སྒྲུབ་པ་དང་། དངུལ་ལོར་སྲིད་ཇུས་ཀྱི་བརྒྱུད་ཁྲིད་ནང་རྐྱེན་གཏོད་པར། ངེས་པར་དུ་ཏང་ཀྲུབ་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་བཀོད་སྒྲིག་གཞིར་བཟུང་། གཙོ་གནད་ཐོག་གཤམ་གསལ་གྱི་ཕྱོགས་ཁག་ཁོངས་དུ་ཆུད་པ་བྱེད་དགོས། དེ་ཡང་གཅིག་ནས། བརྟན་པོའི་ཁྲོད་གོང་འཕེལ་འགྲོ་རྒྱུ་དང་། ཉེན་ཁ་བཀག་འགོག་བྱེད་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་དགོས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་འོག མཐའ་མཇུག་གི་དགོས་མཁོ་གྲུབ་པར་རྒྱབ་སྐྱོར་བྱ་རྒྱུར་མཐོང་ཆེན་བྱས་ནས། དངོས་གཟུགས་དཔལ་འབྱོར་ལ་འགུལ་ནུས་གསར་པ་དང་ཁ་ཕྱོགས་གསར་པ་གཏོད་དགོས། གཉིས་ནས། སྤྱི་ཁོག་བསྡོམས་འབོར་དང་ཕྲ་མཐོང་ཡིད་རྟོན་བུ་ལོན་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་དགོས། དངུལ་ལོར་གྱི་བཀག་སྒོ་ཆེན་མོ་ཁོང་དུ་ལེགས་པོ་ཆུད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཡིད་རྟོན་བུ་ལོན་གྱི་དཔྱད་དཔོག་དང་ནང་ཁོངས་སྐུལ་སློང་ཐད་འབད་བརྩོན་ཆེན་པོ་བྱས་ནས། དངུལ་རྩའི་ལས་ཁུངས་ཀྱིས་དངོས་གཟུགས་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པ་དང་། ལྷག་པར་དུ་ཁེ་ལས་འབྲིང་གྲས་དང་ཆུང་གྲས་ཀྱིས་ནང་རྐྱེན་འགུལ་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས། ནོར་སྲིད་སྲིད་ཇུས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། རྒྱལ་ཁབ་ཀྱི་བུ་ལོན་དང་། དཔྱ་ཁྲལ་ཉུང་གཏོང་སོགས་ཀྱི་སྲིད་ཇུས་ཐབས་ལམ་དང་། ཁག་ཐེག་སྒྲིག་གཞི་སོགས་བེད་སྤྱོད་ལེགས་པོ་བྱ་དགོས། བཞི་ནས། དངུལ་རྩའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། དངུལ་རྩའི་ལས་ཁུངས་ཆེ་འབྲིང་ཆུང་གསུམ་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བའི་རྣམ་པ་འཐུས་ཚང་ཅན་དུ་འཛུགས་སྐྱོང་བྱ་དགོས། ལྔ་ནས། ཡང་དག་པའི་སྐུལ་སྤེལ་སྒྲིག་གཞི་འཐུས་ཚང་བཙུགས་ནས། དངུལ་རྩའི་ཁྱབ་ཁོངས་ནང་གི་ལས་མིའི་ཧུར་སེམས་སྐུལ་སྤེལ་གང་ལེགས་བྱེད་པ་དང་། གྲུབ་འབྲས་ཡོད་པར་བསྔགས་བརྗོད་བྱེད་པ་དང་། ནོར་འཁྲུལ་དང་ལེན་བྱས་ནས་ཡོ་བསྲང་བྱེད་པར་བསྔགས་བརྗོད་བྱ་དགོས། དྲུག་ནས། ཁྲིམས་འགལ་གྱི་དངུལ་རྩའི་བྱེད་སྒོ་དང་། ཁྲིམས་འགལ་གྱི་དངུལ་རྩའི་ལས་ཁུངས་ཀྱི་ཆེད་དོན་བྱ་འགུལ་ལ་རྡུང་རྡེག་མཐའ་གཅིག་ཏུ་བཏང་ནས། མ་འཇོག་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་དང་། དངུལ་རྩ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།