ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཆུ་ལོག་འགོག་པ་དང་ཉེན་སེལ་རྒུད་སྐྱོབ་བྱ་བར་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ7པའི་ནང་། རང་རྒྱལ་གྱི་ས་ཆ་མང་པོར་དྲག་ཆར་བབས་ནས། འབྲི་ཆུའི་རྒྱུད་དུ་ཆུ་ལོག་ཐེངས་གཉིས་ལ་བརྒྱུགས་པ་དང་། ཅ་ལིན་གཙང་བོའི་སྟོད་རྒྱུད་དང་། ཕེ་ཅང་གཙང་བོའི་སྟོད་རྒྱུད། ཐོ་ཅང་གཙང་བོའི་སྟོད་རྒྱུད་བཅས་ལ་ཆུ་ལོག་ཆེན་པོ་བརྒྱུགས་པར་མ་ཟད། ཏ་ཏུའུ་ཧི་གཙང་བོའི་སྟོད་རྒྱུད་དང་དབུས་རྒྱུད་ལ་ཆུ་ལོག་ཆེན་པོ་བརྒྱུགས་པ་དང་། རྨ་ཆུའི་རྒྱུད་དུ་ཆུ་ལོག་བརྒྱུགས་ལ། གཙང་ཆུ་འབྲིང་ཆུང་ཁག་ཅིག་གི་རྒྱུད་དུ་ཉེན་བརྡ་རྒྱག་པའི་ཚད་ལས་བརྒལ་བའི་ཆུ་ལོག་བརྒྱུགས། ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་བར་དུ། རང་རྒྱལ་གྱི་ཞིང་ལྗོངས་དང་གྲོང་ཁྱེར་ཉེར་བདུན་ལ་ཆུ་ལོག་གི་གནོད་འཚེ་ཐེབས་ནས། མི་བྱེ་བ་གཉིས་དང་འབུམ་ལྔ་ཁྲི་གསུམ་དང་ལོ་ཏོག་མུའུ་ཁྲི་ཉིས་སྟོང་དྲུག་བརྒྱ་སོ་བརྒྱད་ལྷག་ལ་གནོད་པ་ཐེབས། གནོད་འཚེའི་ཁྲོད་དུ་མི་ང་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱད་གར་སོང་མ་ཤེས་ལ། ཁང་པ་གྱན་ཁྲི་གཉིས་དང་སྟོང་གསུམ་བརྡིབས་པ་དང་། ཐད་ཀར་དུ་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་གཅིག་དུང་ཕྱུར་དྲུག་གི་དཔལ་འབྱོར་གྱི་གྱོང་གུད་ཐེབས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་ཆུ་ལོག་གི་གནས་ཚུལ་ལ་ཚད་མཐོའི་མཐོང་ཆེན་གནང་བར་མ་ཟད་མཛུབ་སྟོན་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། དེང་སྐབས་ཆུ་ལོག་དང་མཚོ་རླུང་སོགས་རང་བྱུང་གནོད་འཚེ་མང་དུ་འབྱུང་བའི་དུས་ཚིགས་ཡིན་པས། འབྲེལ་ཡོད་ས་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་བསམ་བློ་བརྟན་པོར་བཙུགས་ནས། སྟོབས་ཤུགས་ཡོད་རྒུས་ཉེན་སེལ་རྒུད་སྐྱོབ་བྱ་བ་སྒྲུབ་པ་དང་། ཚད་ཆེས་མཐོན་པོས་མི་སྣ་ཤི་རྨས་འབྱུང་ཚད་ཇེ་ཉུང་དུ་གཏོང་བ། ལུགས་མཐུན་སྒོས་གནོད་ཐེབས་མང་ཚོགས་ཀྱི་འཚོ་བར་བཀོད་སྒྲིག་བྱེད་པ་དང་། ཚད་ཆེས་མཐོན་པོས་གནོད་འཚེའི་གྱོང་གུད་ཇེ་ཆུང་དུ་གཏོང་དགོས། འཕྲལ་བསྟུན་ལས་རེས་བརྟན་སྲུང་ལ་ཤུགས་སྣོན་པ་དང་། བྱ་བའི་ལས་འགན་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་པ། འཆར་གཞིའི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ་བཅས་བྱས་ནས། གནོད་འཚེའི་གནས་ཚུལ་མྱུར་དུ་ཐག་གཅོད་ཐུབ་པར་ཁག་ཐེག་བྱེད་དགོས། གནམ་གཤིས་དང་ཆུ་ལོག ས་གཤིས་བཅས་ཀྱི་གནོད་འཚེར་ལྟ་ཞིབ་ཚད་ལེན་བྱེད་པ་དང་སྔོན་བརྡ་གཏོང་བར་ཤུགས་བསྣན་ནས། ཉེན་ཁའི་ཁུལ་ཁོངས་གཙོ་བོ་དག་དམིགས་སུ་འཛིན་པ་དང་། དྲ་རྒྱ་རྣམ་པའི་ཞིབ་བཤེར་བྱས་ཏེ། གནོད་འཚེ་སྣ་ཚོགས་དང་ཡང་བསྐྱར་གནོད་འཚེ་འབྱུང་བར་བཀག་འགོག་ནན་མོ་བྱེད་དགོས། རྒྱལ་ཁབ་ཆུ་ལོག་དང་ཐན་པ་འགོག་པའི་སྤྱིའི་བཀོད་འདོམས་པུའུ་དང་རང་བྱུང་ཐོན་ཁུངས་པུའུ། འཕྲལ་བསྟུན་དོ་དམ་པུའུ་སོགས་འབྲེལ་ཡོད་སྡེ་ཁག་གིས་ཕྱོགས་སོ་སོའི་སྟོབས་ཤུགས་དང་ཐོན་ཁུངས་གཅིག་གྱུར་གྱིས་མཐུན་སྦྱོར་བྱེད་པ་དང་། ས་གནས་ཀྱིས་ཉེན་སེལ་རྒུད་སྐྱོབ་བྱ་བ་སྒྲུབ་པར་མཛུབ་སྟོན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ལ་སྟོབས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས།

གནོད་ཐེབས་ས་ཁུལ་གྱིས་འཕྲལ་བསྟུན་བྱེད་ཐབས་སྤྱོད་བཞིན་ཡོད་ལ། གཅིག་གྱུར་འཆར་འགོད་བྱེད་པ་དང་། བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ། ཚན་རིག་ལྟར་ཁ་གཏད་འཇལ་བ་བཅས་བྱས་ནས། སྟོབས་ཤུགས་ཡོད་རྒུས་ཉེན་ཁར་སྐོར་ཞིབ་འགོག་སྲུང་དང་། ཆུ་ལོག་གིས་བརླགས་པའི་སྒྲིག་ཆས་ཉམས་གསོ། མི་སྣ་གནས་སྤོར་བཀོད་སྒྲིག་སོགས་ཀྱི་བྱ་བ་བཟང་པོར་སྒྲུབ་བཞིན་ཡོད། རྒྱལ་ཁབ་ཆུ་ལོག་དང་ཐན་པ་འགོག་པའི་སྤྱིའི་བཀོད་འདོམས་པུའུ་དང་རང་བྱུང་ཐོན་ཁུངས་པུའུ། འཕྲལ་བསྟུན་དོ་དམ་པུའུ་བཅས་ཀྱིས་ཆུ་ལོག་བརྒྱུགས་སར་བྱ་བའི་ཚན་ཁག་མངགས་ནས། ས་གནས་ཀྱིས་ཆུ་ལོག་འགོག་པ་དང་ཉེན་སེལ་རྒུད་སྐྱོབ་བྱ་བ་སྒྲུབ་པར་ལྟ་སྐུལ་དང་མཛུབ་སྟོན་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།