ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་མ་གཏོང་གོང་གཞུང་ཁོངས་གཙོ་གནད་མཛེས་ལྗོངས་ཁུལ་ཁག་ཅིག་གི་སྤ་སེའི་རིན་གོང་མཐོ་དྲགས་པ་དམའ་རུ་གཏོང་རྒྱུ་ཡིན་ཞེས་བསྟན་པ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2018-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས་༢༩ཉིན། གཞུང་ཁོངས་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་བཟོ་བའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གཙོ་གནད་གཞུང་ཁོངས་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་དམའ་རུ་གཏོང་རྒྱུའི་བསྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ་ཡོངས་བསྒྲགས་བྱས་ཏེ། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་མ་གཏོང་གོང་། གཞུང་ཁོངས་གཙོ་གནད་མཛེས་ལྗོངས་ཁུལ་ཁག་ཅིག་གི་སྤ་སེའི་རིན་གོང་མཐོ་དྲགས་པ་རྣམས་ཏན་ཏིག་ངང་དམའ་རུ་གཏོང་རྒྱུ་ཡིན་པ་རེད།

མཛུབ་ཁྲིད་བསམ་འཆར་ནང་། གཞུང་ཁོངས་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་བཟོ་བའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བར། ཐོག་མར་སྤ་སེའི་རིན་གོང་ལུགས་མཐུན་ངང་བཟོ་རྒྱུ་ཁ་གསལ་བཟོ་དགོས་པ་དང་། སྤ་སེའི་རིན་གོང་གཏན་འཁེལ་བྱེད་པའི་མ་གནས་དེ་མཛེས་ལྗོངས་ཁུལ་ནང་ཐད་ཀར་ཡུལ་སྐོར་བར་གཞི་རྩའི་ཡུལ་སྐོར་ཞབས་ཞུ་མཁོ་འདོན་བྱེད་པར་མཁོ་བའི་མ་གནས་ཀྱི་གཏོང་སྒོར་གཞིགས་ནས་ཚད་བཀག་བཟོ་དགོས་པ་དང་ཆབས་ཅིག རིན་གོང་དོ་དམ་བྱེད་ཐབས་གསར་གཏོད་བྱེད་པ་དང་། ས་གནས་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཡུལ་སྐོར་བྱེད་མང་ཉུང་གི་དུས་ཚོད་ལ་གཞིགས་ནས་སྤ་སེའི་རིན་གོང་བཟོ་བའམ་རིན་གོང་ཚད་བཀག་དོ་དམ་བྱེད་ཐབས་བཟོ་དགོས་ཞེས་བསྟན་ཡོད་པ་རེད།

རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཁྲོམ་ར་དང་རིན་གོང་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ལིའུ་ཆང་གིས་དབྱེ་ཞིབ་གནང་བར། ད་ལྟ་ས་གནས་ཁག་གི་མཛེས་ལྗོངས་ཁུལ་གྱི་དོ་དམ་སྒྲིག་གཞི་དང་། གོང་འཕེལ་དུས་མཚམས་ཀྱི་གནས་ཚུལ་ཅུང་འདྲ་པོ་མེད་པས། རིན་གོང་གཏན་འཁེལ་གྱི་དབང་ཆ་ས་གནས་སྲིད་གཞུང་ལ་ཡོད། དེས་ན་ས་གནས་སྲིད་གཞུང་གིས་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ། ཐབས་ཤེས་གང་ཡོད་ཀྱིས་སྤ་སེའི་རིན་གོང་རིམ་པ་བཞིན་རིགས་དབྱེ་བ་དང་གོ་རིམ་ལྡན་པའི་ངང་དམའ་རུ་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

མཛུབ་ཁྲིད་བསམ་འཆར་ནང་། ས་གནས་ཁག་གིས་འབྲེལ་ཡོད་བླང་བྱར་གཞིགས་ནས། ཀ་པ་རིམ་པ་ལྔ་པའི་གཞུང་ཁོངས་མཛེས་ལྗོངས་ཁུལ་གྱིས་གཙོ་གནད་བྱས་ཏེ་སྤ་སེའི་རིན་གོང་དམའ་རུ་གཏོང་དགོས། སྤྱི་ལོ་༢༠༡༨ལོར། གཞུང་ཁོངས་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་བཟོ་བའི་སྒྲིག་གཞིར་སྐུལ་འདེད་གཏོང་བ་དང་ཆབས་ཅིག གཞུང་ཁོངས་གཙོ་གནད་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་དམའ་རུ་གཏོང་བའི་ལས་འགན་ལ་ནུས་འབྲས་མངོན་གསལ་དོད་པོ་ཐོན་ཡོད། སྤྱི་ལོ་༢༠༢༠ལོར་སླེབས་སྐབས། གཞི་རྩའི་ཆ་ནས་མཛེས་ལྗོངས་ཁུལ་གྱི་རྒྱུན་ལྡན་འཁོར་རྒྱུག་མ་གནས་ཀྱིས་རྨང་གཞི་བྱས་ཏེ། ཚན་རིག་དང་མཐུན་པ་དང་ཚད་ལྡན་ཁ་གསལ་གྱི་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་བཟོ་བའི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས། དེ་དང་ཆབས་ཅིག ས་གནས་ཁག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཡུལ་སྐོར་ཞབས་ཞུ་གཞན་དག་གི་རིན་གོང་མཐོ་རུ་གཏོང་བའི་རྣམ་པ་འགྱུར་བའི་རིན་གོང་ཐོག་ནས་ཡུལ་སྐོར་བའི་ཁུར་པོ་ལྕི་རུ་གཏོང་མི་ཆོག་ཅེས་ཁ་གསལ་བཏོན་ཡོད་པ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།