ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱེད་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱེད་པ་དང་། བཅའ་ཁྲིམས་ལག་བསྟར་ལས་ཁུངས་ཀྱིས་བྱེད་ཐབས་ནུས་ལྡན་སྤྱོད་རྒྱུར་སྐུལ་འདེད་གཏོང་བ། བཅའ་ཁྲིམས་ཀྱི་གཏན་འབེབས་ཁག་སྔར་བས་ལག་བསྟར་བྱེད་པ་བཅས་བྱས་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་བདེ་འཇགས”ཡོང་རྒྱུ་འགན་ལེན་བྱ་ཆེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱེད་འགོ་ཚུགས་པ་རེད།

ཚེས25ཉིན་གསར་འགོད་པར་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ནི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་2006ལོར་འགྲེམས་སྤེལ་ལག་བསྟར་བྱས་ཚུན་ཁྲིམས་འཛིན་ཞིབ་བཤེར་བྱེད་ཐེངས་དང་པོ་ཡིན་པ་རེད།

ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པའི་རྨང་གཞིའི་ཐོག ད་ཐེངས་ཀྱི་ཁྲིམས་འཛིན་ཞིབ་བཤེར་བྱེད་པའི་ཐད་གཙོ་གནད་མངོན་གསལ་དོད་པོ་ལྔ་ཡོད་པ་སྟེ། གཅིག་ནི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཚད་གཞིའི་མ་ལག་བསྐྲུན་ཚུལ་ཡིན་ཞིང་། དེའི་གྲས་སུ་ཞིང་ལས་ཐོན་རྫས་ཐོན་ཡུལ་གྱི་ཁོར་ཡུག་དང་། ཞིང་ལས་ཐད་སྤྱོད་པའི་དངོས་རྫས། ཐོན་སྐྱེད་ཀྱི་ཚད་གཞི། ཐོན་རྫས་ཀྱི་སྤུས་ཚད། བདེ་འཇགས་མཚམས་ཚད། ཞིབ་དཔྱད་བྱ་ཐབས། ཐུམ་སྒྲིལ་གྱི་མཚོན་རྟགས། གསོག་ཉར་སྐྱེལ་འདྲེན་སོགས་ཀྱི་ཚད་གཞིའི་ལམ་ལུགས་བཟོ་བཅོས་རྒྱག་ཚུལ་དང་དེ་བཞིན་ལག་རྩལ་གྱི་ཚད་གཞི་དང་བཀོལ་སྤྱོད་ཀྱི་སྒྲིག་སྲོལ་ལམ་ལུགས་བཟོ་བཅོས་རྒྱག་ཚུལ་སོགས་ཚུད་པ་དང་། གཉིས་ནི་ཞིང་ལས་ཐོན་རྫས་ཐོན་ཡུལ་གྱི་དོ་དམ་གནས་ཚུལ་ཡིན་ཞིང་། དེའི་གྲས་སུ་ཞིང་ལས་ཐོན་རྫས་ཐོན་སྐྱེད་ས་ཁོངས་ཀྱི་རིགས་དབྱེ་དོ་དམ་གྱི་གནས་ཚུལ་དང་། ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་འཛུགས་སྐྲུན་བྱེད་ཚུལ། ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་ཚུལ་སོགས་ཚུད་པ། གསུམ་ནི་ཞིང་ལས་ཐོན་རྫས་ཐོན་སྐྱེད་བརྒྱུད་རིམ་དོ་དམ་དང་ཁུངས་འདེད་ལམ་ལུགས་འཛུགས་ཚུལ་ཡིན་ཞིང་། དེའི་གྲས་སུ་ཞིང་སྤྱོད་དངོས་རྫས་ཀྱི་གནོད་མེད་བཀོལ་སྤྱོད་ལམ་ལུགས་འཛུགས་ཚུལ་དང་། ཞིང་ལས་ཐོན་རྫས་ཐོན་སྐྱེད་ཀྱི་ཟིན་ཐོ་འགོད་ཚུལ། ཐོན་ཡུལ་གྱི་ཕྱིར་གཏོང་ལམ་ལུགས་ལག་བསྟར་བྱེད་ཚུལ། ཞིང་ལས་ཐོན་རྫས་ཀྱི་ཐུམ་སྒྲིལ་དང་མཚོན་རྟགས་ལམ་ལུགས་ལག་ལེན་བསྟར་ཚུལ། ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་གཏོད་ཚུལ་དང་དོ་དམ་བྱེད་ཚུལ་སོགས་ཚུད་པ། བཞི་ནི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དོ་དམ་ལམ་ལུགས་འཛུགས་ཚུལ་ཡིན་ཞིང་། དེའི་གྲས་སུ་སྤྱི་པའི་ནོར་སྲིད་གཏོང་ཆ་འགན་ལེན་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ཁྲོམ་རའི་འཇུག་འཐུས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་སྐུལ་ཞིབ་བཤེར། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལས་འཛོལ་སྙན་ཞུ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་འཁྲི་བདའ་འདེད་སོགས་ཀྱི་ལམ་ལུགས་འཛུགས་ཚུལ་སོགས་ཚུད་པ། ལྔ་ནི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ལྟ་སྐུལ་ཞིབ་བཤེར་ལམ་ལུགས་ལག་ལེན་བསྟར་ཚུལ་ཡིན་ཞིང་། དེའི་གྲས་སུ་ཁྲོམ་རར་ཕྱིར་ཚོང་བྱས་མི་ཆོག་པའི་ཞིང་ལས་ཐོན་རྫས་ལམ་ལུགས་ལག་ལེན་བསྟར་ཚུལ་དང་། ཞིང་ལས་ཐོན་རྫས་ཀྱི་བདེ་འཇགས་ལྟ་དཔྱད་ལམ་ལུགས། ལྟ་སྐུལ་རང་བཞིན་གྱི་འཐེན་བཤེར་ལམ་ལུགས་དང་ཞིབ་དཔྱད་སྐྱོབ་གསོའི་ལམ་ལུགས་ལག་ལེན་བསྟར་ཚུལ་སོགས་ཚུད་ཡོད་པ་རེད།

ཁྲིམས་འཛིན་ཞིབ་བཤེར་ལས་དོན་གྱི་ཞིབ་བཤེར་ཚོགས་ཆུང་ཁག་གསུམ་ལ་དབྱེ་ཡོད་ཅིང་། ཟླ་བདུན་པའི་ཟླ་སྟོད་ནས་བརྒྱད་པའི་ཟླ་སྨད་བར་ལེའོ་ཉིང་དང་ཧྲན་ཏུང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་6ལ་ཁག་སོ་སོར་བསྐྱོད་རྒྱུ་དང་དུས་མཚུངས། ཧོ་པེ་དང་ནང་སོག་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས་11གི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་སྲིད་འཛིན་ཁུལ་དེ་རང་དུ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱ་རྒྱུར་མངགས་ཡོད་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།