ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་ཨུ་རུ་སི་དཀར་པོར་འཚམས་འདྲི་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་དཀར་པོའི་སྲིད་གཞུང་གིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཟླ་ལྔ་བའི་ཚེས་ཉེར་བདུན་ཉིན་ནས་ཚེས་ཉེར་དགུ་ཉིན་བར་ཨུ་རུ་སི་དཀར་པོར་འཚམས་འདྲི་མཛད།

ཙུང་ཐུང་ལུའུ་ཁ་ཧྲིན་ཁི་ལ་མཇལ་འཕྲད་གནང་སྐབས། ཝང་ཆི་ཧྲན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་མཛད་པར་མ་ཟད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ཆིན་ཏའོ་མཐོ་རིམ་གྲོས་ཚོགས་སུ་ཞུགས་པ་དང་ཡང་བསྐྱར་ཐུག་འཕྲད་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཕིང་གིས་ཀྲུང་གོ་དང་ཨུ་རུ་སི་དཀར་པོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་སྣེ་ཁྲིད་འོག ཕྱོགས་གཉིས་ཀྱིས་ཕན་ཚུན་བར་ཡིད་ཆེས་དང་མཉམ་ལས་མཉམ་རྒྱལ་བྱེད་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོས་རྒྱལ་ཁབ་རང་གི་གནས་ཚུལ་ལྟར་བདམས་པའི་འཕེལ་རྒྱས་བགྲོད་ལམ་ལ་བརྩི་འཇོག་བྱེད་པ་དང་། ཨུ་རུ་སི་དཀར་པོས་ས་ཁུལ་བདེ་འཇགས་དང་བརྟན་འཇགས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱས་པ་ཡིན། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་གཏིང་ཟབ་ཏུ་སྤེལ་ཏེ། ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཉིན་རེ་བཞིན་འཐུས་ཚང་དུ་གཏོང་དགོས་ཟེར།

ཁི་པིས་ཡ་ཁི་ཧྥུའུ་དང་གྲོས་མོལ་གནང་སྐབས། ཝང་ཆི་ཧྲན་གྱིས་ཙུང་ལི་ལིས་ཁི་ཆང་གིས་བརྩེ་བའི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་བརྒྱུད་སྒྲོག་མཛད། ཁོང་གིས་གསུངས་རྒྱུར། དངོས་གཉེར་མཉམ་ལས་བྱེད་པ་ནི་ཀྲུང་གོ་དང་ཨུ་རུ་སི་དཀར་པོ་བར་གྱི་འབྲེལ་བའི་ཕྱོགས་གཙོ་བོ་ཡིན། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པའི་ཁྲོད། རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ཏེ་གྲུབ་འབྲས་གཡུར་ཟ་བ་བླངས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་ལྟ་བ་ལག་ལེན་མཐར་ཕྱིན་བྱས་ནས། སྲིད་གཞུང་བར་གྱི་མཉམ་ལས་སྒྲིག་གཞིའི་མཐུན་སྦྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱོགས་གཉིས་ཀྱི་ཉོ་ཚོང་དོ་མཉམ་སྒོས་འཕེལ་རྒྱས་སུ་གཏོང་བ་དང་། ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། དངུལ་གཏོང་དང་དངུལ་ལོར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ། མི་གཞུང་དང་ས་གནས་བར་གྱི་བརྗེ་རེས་རྒྱ་བསྐྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།